སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་དང་། སྦེང་ལོར། མའི་སོར། མེང་ལོར་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེང་ལོར་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་གནང་རྗེས། ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་དང་། སྦེང་ལོར། མའི་སོར། མེང་ལོར་བཅས་ཀྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ཚེས་ ༢༧ ཉིན་ཞོགས་པ་ཆུ་ཚོད་ ༤།༠༠ པའི་ཐོག་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ནས་ཐོན་ཏེ་མེང་ལོར་གནམ་ཐང་དུ་ཕེབས་འབྱོར་སྐབས། མེང་ལོར་ས་གནས་གཞོན་ནུའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ནས་ཕེབས་བསུའི་སྣེ་ལེན་གནང་རྗེས། ཆུ་ཚོད་ ༡༡།༣༠ ཐོག་ཀརནཱ་ཊཀ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་དམག་དཔོན་ཟུར་པ་སྐུ་ཞབས་གྷ་ནེཤ་ ཀར་ནིཀ་ (Shri Ganesh Karnik) མཆོག་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་གླེང་སློང་གནང་བ་མ་ཟད། མེང་ལོར་ཁུལ་གྱི་མཐོ་སློབ་ཁག་ནང་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་རྣམས་ལ་གཟིགས་རྟོག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་ཏེ་འཚམས་འདྲི་ཞུས་གནང་འདུག

ཉིན་རྒྱབ་ནི་ཊི་ཨུ་ཤ་སྨན་ཞབས་མཐོ་སློབ་ཀྱི་སློབ་སྤྱི་ལྕམ་སྐུ་ཧྥ་ཏི་མ་ཌི་སི་ལི་ཝ་ (Dr Fatima D’silva, Principal of  Nitte Usha Institute of Nursing Sciences) མཆོག་དང་། BSc Nursing, General Nursing བཅས་ཀྱི་འགན་འཛིན་དང་དགེ་རྒན་སོ་སོར་ཐུག་འཕྲད་ཀྱིས་བོད་པའི་སློབ་ཕྲུག་རྣམས་ཀྱི་གནས་སྟངས་རྒྱུས་ལོན་དང་། མཐོ་སློབ་ནང་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་རྣམས་ལ་གཟིགས་རྟོག་རྒྱ་གང་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་རྗེས།

ཕྱི་དྲོ་ཆུ་ཚོད་ ༦།༠༠ པའི་ཐོོག་མེང་ལོར་ཁུལ་གྱི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་སྔར་བཞིན་གསུང་བཤད་དང་། སློབ་ཕྲུག་རྣམ་པས་དགོངས་ཚུལ་དང་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་སྟེཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་དང་། མའི་སོར། སྦེང་ལོར། མེང་ལོར་བཅས་ཀྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་བ་བཅས། །