སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་རྣམ་གཉིས་སྦིར་གཞིས་ཁག་གསུམ་སོགས་རྒྱ་གར་བྱང་ཕྱོགས་གཞིས་ཆགས་ཁག་ཅིག་ལ་འཚམས་གཟིགས་ཕེབས་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༢ ནས་ ༢༥ བར་སྦིར་གཞིས་ཆགས་ཁག་གསུམ་དང་། བཀྲ་ཤིས་ལྗོངས། སུན་མཚོ་མན་གསུམ། སྤོན་ཌོ་བཀྲ་ཤིས་གླིང་། ཀུ་ལུ། མ་ན་ལི། འབུམ་ཐར་བཅས་ལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་སྦིར་གཞིས་ཆགས་སུ་ཕེབས་འབྱོར་གནང་རྒྱུ་དང་། སྤྱི་འཐུས་རྣམ་པ་གཉིས་ནས་ཕྱི་ཚེས་ ༡༣ ནས་ ༡༦ བར་སྦིར་གཞིས་ཆགས་ཁག་གསུམ་དང་། བཀྲ་ཤིས་ལྗོངས་བཅས་སུ་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༡༧ ནས་ ༢༠ བར་སུན་མཚོ་མན་གསུམ་དང་། སྤོན་ཌོ་བཀྲ་ཤིས་གླིང་ལ་ལས་རིམ། ཕྱི་ཚེས་ ༢༡ ནས་ ༢༤ བར་མ་ན་ལི་དང་། ཀུ་ལུ། འབུམ་ཐར་བཅས་སུ་ལས་རིམ། ཕྱི་ཚེས་ ༢༥ ཉིན་སྤྱི་འཐུས་རྣམ་པ་གཉིས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

Menu