སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྣམ་གཉིས་རྒྱ་གར་ཧི་མཱ་ཅལ་མངའ་སྡེ་བོད་མིའི་གནས་ཡུལ་ཁག་ལ་འཚམས་གཟིགས་སུ་ཕེབས་པ།

 

 

img_6939

ཕྱིི་ལོ་ ༢༠༡༦ ཟླ་ ༧ པའི་ཚེས་ ༡༦ ནས་ ༢༩ བར་སྤྱི་འཐུས་རྣམ་གཉིས་བཀྲ་ཤིས་ལྗོངས་དང་། སྦིར་གཞིས་ཆགས་གསུམ། པོན་ཊོ་བཀྲ་ཤིས་གླིང་། སུན་མཚོ་མན་གསུམ། མ་ན་ལི། ཀུ་ལུ། རྡོ་སྦིས་དཔལ་རབ་གླིང་གཞིས་ཆགས་བཅས་དང་། གཞིས་ཁུལ་སློབ་གྲྭ་ཁག དགོན་ཁག་དང་ལག་ཤེས་སློབ་གྲྭ་སོགས་སུ་ཕེབས་ཏེ་འཚམས་འདྲི་དང་གཟིགས་སྐོར་དུ་ཕེབས་ཏེ་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་པ་དང་། འཚམས་གཟིགས་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་འདུ་འཛོམས་སྐབས་སོ་སོར་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་དང་འབྲེལ་བའི་སྐོར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་གལ་གནད་ཆེ་ཁག་གི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། མིི་མང་འདུ་འཛོམས་སྐབས་སོ་སོར་བསམ་ཚུལ་དང་དྲི་བ་ཁག་ལ་བཀའ་ལན་ཡང་གནང་འདུག

img_6987

དེ་བཞིན་མི་མང་དང་། དགོན་པ། སློབ་གྲྭ་བཅས་ཀྱི་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྐོར་སྙན་ཞུ་དང་། སྤྱི་འཐུས་རྣམ་གཉིས་དང་མི་མང་བར་ཕན་ཚུན་བགྲོ་གླེང་གིས་གྲོས་བསྡུར་དང་། བསམ་ཚུལ་བརྗེ་ལེན། ཐག་གཅོད་ལམ་སྟོན་གནང་པ་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་པ་དང་སློབ་གྲྭ་ཁག་གི་གནས་སྟངས་ཐོག་རྟོག་ཞིབ་གནང་བ་བཅས་ཀྱིས་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་འདུག་ཅིང་། ད་རེས་སྤྱི་འཐུས་རྣམ་གཉིས་འཚམས་གཟིགས་སུ་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་བཀའ་དྲུང་ཡིག་ཚང་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་ཚུལ་དུ།།

img_6927

Menu