སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་གཉིས་ཌན་མག་ཁུ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོར་གཞུང་འབྲེལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

1དེ་ཡང་ཕྱི་ལོ་༢༠༡༦ ཟླ་༥ ཚེས་༡༦ ནས་ཚེས་༡༩ བར་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་རྣམ་གཉིས་ཡུ་རོབ་ཀྱི་ཌན་མག་དང་།   སི་ཝི་ཌན།  ནོར་ཝེ་སོགས་རྒྱལ་ཁབ་གསུམ་གྱི་ནང་འཚམ་གཟིགས་སུ་ཕེབས་ཡོད་པ་དང་།   ཐོག་མར་ཌན་མག་ཁུའི་རྒྱལ་ཁབ་ཀྱི་རྒྱལ་སར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད།   སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་།   བོད་རིགས་ཚོགས་པ། རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་པ་ཀེ་ཇེར་སི་གར་སྒྲི་མཆོག་དང་། གཞན་ཡང་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་། སྲིད་ཚོགས་དང་མང་གཙོ་ལྟེ་གནས་ཁང་གི་འགན་འཛིན་དང་། རོགས་དངུལ་ཚོགས་ཆུང་དང་།   གྲོས་ཚོགས་ཀྱི་ཁྲིམས་གཏུགས་ཚོགས་ཆུང་སོགས་ལ་མཇལ་འཕྲད་དང་ལྷན་ཚོགས་ཞུ་སྐུལ་བཅས་གནང་ཡོད་པ་རེད།

དེ་ཡང་སྤྱི་འཐུས་རྣམ་གཉིས་ཕྱི་ཟླ་༥ ཚེས་༡༦ ཉིན་ས་གནས་ཀྱི་ཆུ་ཚོད ༡༢། ༡༥ ཌན་མག་ཁུ་གནམ་ཐང་དུ་འབྱོར་སྐབས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་ཨིན་རྒུ་རིད་དང་། ལའོ་རི་སན། བོད་རིགས་ཚོགས་པའི་སྐུ་ཚབ་བཅས་ནས་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་དང་།   དགོང་དྲོ་བོད་རིགས་ཚོགས་པའི་བོད་མི་སུམ་ཅུ་མ་ཟིན་ཙམ་དང་མཉམ་ལྷན་ཚོགས་གནང་ཡོད་པ་དང་།   ཚེས་༡༧ ཉིན་སྔ་དྲོ་ཆུ་ཚོད་༨ པ་ནས་༩ བར་ClCED ཚོགས་པའི་སྐུ་ཞབས་ལེའོ་ནུ་སྒྲེ་སེན་དང་། ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་སོ་ཧྥེ་བཟུ་ཆོ་ལེག་རྣམ་གཉིས་དང་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་སྐོར་ལ་གྲོས་བསྡུར་དང་། ཆུ་ཚོད་༡༠ པ་ནས་༡༡།༥༠ བར་གྲོས་ཚོགས་ཁང་ཆེན་གྱི་ལྕམ་སྐུ་མཆོག་གི་གཞུང་སྒྲུབ་ཁང་དུ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་པ་ཀེ་ཇེར་སི་གར་སྒྲི་མཆོག་དང་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་ཞུ་སྐུལ་ཞུ་ཡིག་འབུལ་ལམ་ཞུས་པར་མ་ཟད་ལྷོད་མོལ་དང་བཀའ་འདྲིར་ལན་འདེབས། ལྷན་པར་བསྒྲོན་པ་ལྕམ་སྐུ་མཆོག་གི་ངོ་དེབ་ནང་ཁ་ཐུག་གཏོང་གནང་མཛད་པ་དང་།  ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་ཌན་མག་སྲིད་ཚོགས་དང་མང་གཙོ་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་རྦོར་ཧྥོར་སྒྲི་ལགས་དང་ཁོང་གི་ལས་རོགས་པེར་ཁུ་རེ་སི་ཏེན་སེན་ལགས་རྣམ་གཉིས་དང་མཇལ་འཕྲད། 3ཕྱི་ཚེས་༡༨ སྔ་དྲོ་ཆུ་ཚོད་༩ པ་ནས་༡༠།༣༠ བར་ཌན་མག་རོགས་དངུལ་ཚོགས་ཆུང་གི་ཚོགས་མི་གཉིས་དང་ལྷན་དུ་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་རོགས་དངུལ་ཆུང་ཚགས་བྱེད་སྟངས་དང་དེ་དག་གི་འབྲེལ་ལམ་གནང་ཕྱོགས་ཐོག་གྲོས་བསྡུར། ཉིན་རྒྱབ་ཆུ་ཚོད་༡ ནས་༣ པ་བར་ཌན་མག་གྲོས་ཚོགས་ཀྱི་ཁྲིམས་གཏུགས་ཚོགས་ཆུང་གི་ཚོགས་ཁང་དུ་མང་གཙོའི་ཁྲིམས་དང་འབྲེལ་བའི་ཁྲིམས་གཏུགས་སྐོར་ལ་ལྷན་ཚོགས་གྲོས་བསྡུར་གནང་ཡོད་པ་དང་། དགོང་དྲོ་ཆུ་ཚོད་༧ པ་ནས་༩ པ་བར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སུམ་ཅུ་ཙམ་དང་ལྷན་དུ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་། དེ་ཡང་གནད་ཡོད་མི་སྣ་དང་མཇལ་འཕྲད་སྐབས་སྐད་བསྒྱུར་བ་བསྟན་འཛིན་སྐལ་བཟང་ལགས་ནས་ཕྱག་རོགས་ཞུས་ཏེ།   སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་རིག་གཞུང་རྩ་གཏོར་སྐོར།   ༡ སློབ་གྲྭའི་སློབ་ཚན་རྣམས་རྒྱའི་སྐད་ཡིག་ཅན་དུ་བསྒྱུར་ནས་འགྲོ་བཞིན་ཡོད་པ་དང་། ༢ དགོན་སྡེའི་རིག་གནས་ཕན་ཚུན་སློབ་གཉེར་འགྲོ་བསྐྱོད་མི་ཆོག་པ་ལ་སོགས་པ་དང་། ༣ དམངས་ཁྲོད་རིག་གནས་གླུ་དང་གཞས།   གྱོན་ཆས་དང་ཡུལ་སྲོལ་གོམས་གཤིས། ཆང་སའི་དགའ་སྟོན་རོལ་སྟངས་སོགས་རྒྱ་ལུགས་ཅན་དུ་བསྒྱུར་གྱི་ཡོད་སྐོར་དང་། ཁོར་ཡུག་རྩ་གཏོར་ཐད། ཆུ་བོ་ཁ་བསྒྱུར་གྱི་ལས་གཞི་དང་། མཚོ་སྔོན་པོ་སོགས་མཚོ་ཁག་ཏུ་བཟོ་གྲྭའི་སྙིགས་རོ་འདོར་བ་དང་། ཁོར་ཡུག་གི་སྐོར་ལ་འབྲོག་པའི་འཚོ་ཐབས་སྤོ་བསྒྱུར་དང་།   གནོད་ཐེབས་བཟོ་གྲྭ་འདྲ་མིན་བཟོ་བ།  རི་དང་བྲག་སོགས་གཏོར་བཤིག་གིས་གཏེར་ཁ་སྔོགས་འདོན། ཤིང་ནགས་གཅོད་འབྲེག་དང་དབོར་འདྲེན།   གནམ་ཐང་དང་རི་ལིའི་ལྕགས་ལམ།   གཞུང་ལམ་འདྲ་མིན་བཟོས་ཏེ་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར། དེ་བཞིན་དཔལ་འབྱོར་དབྱེ་འབྱེད་དང་། མི་རིགས་དབྱེ་འབྱེད་སྐོར་དུས་ཚོད་ཀྱི་བབ་ལ་བལྟས་ཏེ་གླེང་སློང་དང་།   བོད་རིགས་ཚོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་ངོ་སྤྲོད་དང་།   ཡུལ་ཁྲིམས་ལ་དོ་སྣང་དང་།   མི་རིགས་ནང་ཁུལ་དང་ཡུལ་མིར་མཐུན་ལམ།   གཅིག་ཕན་གཅིག་གྲོགས་གནང་ཐབས།   སོ་སོའི་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཉར་ཚགས་དགོས་སྐོར་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་ནས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ངོ་སྤྲོད་ཐོག   མང་གཙོའི་འཕེལ་རིམ་དང་། སྲིད་སྤྱིའི་འོས་བསྡུའི་སྐོར་དང། བོད་རིགས་ཚོར་སོ་སོའི་མི་རིགས་ཀྱི་ལར་ཞེན་དང་།   དང་བླང་དཔྱ་དངུལ་ལག་དེབ་ཀྱི་གལ་ཆེའི་རང་བཞིན་སྐོར་སོགས་དུས་ཚོད་ཀྱི་བབ་ལ་གཟིགས་ཏེ་གསུངས་པར་མ་ཟད།   མཇལ་འཕྲད་ཞུ་ཡུལ་ཁག་གི་དྲི་བར་དྲིས་ལན་དང་གསལ་བཤད་སོགས་གནང་ཡོད་པ་རེད།   ཕྱི་ཚེས་༡༩ ཉིན་སྤྱི་འཐུས་རྣམ་གཉིས་སི་ཝེ་ཌིན་རྒྱལ་ཁབ་ཀྱི་རྒྱལ་སར་གཞུང་འབྲེལ་ཕྱོགས་བསྐྱོད་འགོ་འཛུགས་ཞུས་ཡོད་པ་རེད།

2

4 6 5

Menu