སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་བ་རི་ཟླ་བ་ཚེ་རིང་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་། ལྷོ་སྤྱི་ཁྱབ་ཁོངས་ས་གནས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་བ།

༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་བ་རི་ཟླ་བ་ཚེ་རིང་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༥ ནས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་དང་། གཞན་ལྷོ་སྤྱི་ཁྱབ་ཁོངས་ས་གནས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༨ པའི་ཚེས་ ༥ ཉིན་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་དྲོ་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ལ་ཕེབས་ཐོན་གནང་རྒྱུ། ཕྱིཚེས་ ༦ ནས་ ༨ བར་ལྷོ་སྤྱི་ཁྱབ་ཁོངས་ས་གནས་ཁག་ཏུ་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༩ ཉིན་སྦེང་ལོར་གྲོང་ཁྱེར་ནས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༠ ནས་ ༡༣ བར་ས་གནས་སུ་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས།