སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ཌེ་ར་ཌུན་ཁུལ་གྱི་ཁྱབ་ཁོངས་ཀྱི་བོད་མི་གནས་ཡུལ་ཁག་ལ་འཚམས་གཟིགས་ཕེབས་པ།

ཐེངས་འདིའི་འཚམས་གཟིགས་ཕྱོགས་ཕེབས་གནང་ཡུལ་ནི་བདེ་སྐྱིད་གླིང་གཞིས་ཆགས་དང་། དོན་གྲུབ་གླིང་གཞིས་ཆགས། ཚེ་རིང་དོན་ལྡན་གཞིས་ཆགས། གླིང་ཚང་གཞིས་ཆགས། ན་ནི་ཏལ། རི་ཤི་ཀེ་ཤི། ཧ་རི་དྷ་ཝར། མ་སུ་རི། ར་ཇི་སྤུར། སར་ས་བ་དམག་སྒར་དང་། ད་མན་འམ་དྷ་ར་ཝལ་བཅས་ཀྱི་གཞིས་ཆགས་ཁྱབ་ཁོངས་ས་གནས་ཁག་དང་། རྒས་གསོ་ཁང་། མཉམ་འབྲེལ་སྡེ་ཚན། གཞིས་ཁུལ་གྱི་སློབ་གྲྭ དགོན་སྡེ་ཁག་དང་། ས་གནས་སྨན་ཁང་བཅས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་པ་སོགས་ཡིན་འདུག

འཚམས་གཟིགས་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་གསུང་བཤད་དང་བཞུགས་མོལ་ཚོགས་འདུ་བཅས་གནང་ཡོད་པ་དང་། ཐེེངས་འདིའི་ཕྱོགས་ཕེབས་འཚམས་གཟིགས་སྐབས་ཀྱི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་སྐོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་སོགས་ལ་གསུང་བཤད་གནང་འདུག