སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་ངག་དབང་ཐར་པ་མཆོག་རྣམ་གཉིས་ནས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་དང་རྒྱ་གར་མངའ་སྡེ་ཁག་ལྔའི་ནང་སུད་ཚོང་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

པི་ཨེསི་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་ (Shivpal Singh Yadav,President of Pragatisheel Samajwadi Party) མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༥ ནས་ཕྱི་ཟླ་ ༡༢ ཚེས་ ༡༡ བར་ཉིན་གྲངས་ ༡༧ ཙམ་རིང་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་དང་། ཨོ་རི་ས་མངའ་སྡེ་དང་།  ཇར་ཁན་ཌ། ནུབ་བྷན་གྷལ། བྷི་ཧར། ཡུ་པི་བཅས་མངའ་སྡེ་ཆེན་པོ་ཁག་ལྔའི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་སུད་ཚོང་བའི་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་སྟེ། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་ཡོད།

རྡོར་གདན་བོད་མི་སུད་ཚོང་བ་རྣམས་དང་ལྷན།

དེ་ཡང་སྤྱི་འཐུས་རྣམ་པས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་དང་། ཁྱབ་ཁོངས་སུད་ཚོང་ས་གནས་ཁག་དང་། ཇར་ཁན་ཌ་མངའ་སྡེའི་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ལ་གཟིགས་བསྐོར་ཕྱོགས་བསྐྱོད་གྲུབ་མཚམས། ཕྱི་ཟླ་ ༡༢ ཚེས་ ༣ ཉིན་གྱི་དགོང་དྲོ་སྤྱི་འཐུས་རྣམ་གཉིས་གླ་སྤྱོད་རླངས་འཁོར་བརྒྱུད་རྒྱ་གར་ཤར་ཕྱོགས་བྷི་ཧར་མངའ་སྡེའི་ནང་ཡོད་པའི་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་འབྱོར་གནང་ཡོད་འདུག

སྤྱི་འཐུས་རྣམ་པས་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས།

ཕྱི་ཚེས་ ༤ ཉིན་སྤྱི་འཐུས་རྣམ་གཉིས་རྡོར་གདན་སུད་ཚོང་ཚོགས་པའི་ཚོགས་གཙོ་ཀརྨ་རིན་ཆེན་ལགས་དང་རྒྱུན་ལས་བཅས་ཀྱིས་ཕེབས་བསུ་དང་འབྲེལ། སུད་ཚོང་བ་མཉམ་འཛོམས་སར་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། ༧གོང་ས་མཆོག་གི་མཛད་འཕྲིན། སྤྱི་འཐུས་ངག་དབང་ཐར་པ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རིམ། གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་རིམ། དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཆོད་བཅས་མི་མང་ལ་ངོ་སྤྲོད་གསུང་བཤད་གནང་ཡོད་པ་མ་ཟད། ས་གནས་སུད་ཚོང་བ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་འཐུས་ཚང་གནང་རྗེས།  ཡུ་པིའི་མངའ་སྡེའི་ས་གནས་ཝ་ར་ཎ་སིའི་ཕྱོགས་སུ་ཕེབས་ཐོན་དང་། ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ས་གནས་སུ་འབྱོར་མཚམས། ཝ་ར་ཎ་སི་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ལྷག་པ་ཚེ་རིང་ལགས་ཀྱིས་གཙོས་པའི་འཐུས་མི་རྣམས་ཀྱིས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་པ་དང་། དགོང་དྲོ་ཆུ་ཚོད་ ༧།༣༠ ཐོག་སྤྱི་འཐུས་རྣམ་གཉིས་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་དྲུག་ཅུ་ཙམ་འཛོམས་སར་ཆེད་བཅར་ཀྱིས་གསུང་བཤད་གནང་ཡོད་པ་དང་། དགེ་ལས་སློབ་ཕྲུག་རྣམས་ཀྱི་བསམ་ཚུལ་དང་དྲི་བ་ཁག་ལ་ལན་འདེབས་འཐུས་ཚང་གནང་ཡོད་འདུག

སྤྱི་འཐུས་རྣམ་པས་ཝར་ཎ་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་ཝ་ར་ཎ་སིའི་བོད་མིའི་སུད་ཚོང་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་གཙོས་པའི་རྒྱུན་ལས་རྣམས་ཀྱིས་སྣེ་ལེན་གཟབ་རྒྱས་དང་འབྲེལ། སུད་ཚོང་བ་རྣམས་མཉམ་འཛོམས་སར་བཅར་ཏེ། གོང་བཞིན་བརྗོད་གཞི་ཆ་བགོས་ལྟར་གསུང་བཤད་དང་། སུད་ཚོང་བ་རྣམས་ཀྱི་དགོངས་ཚུལ་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་ཝར་ཎ་ས་གནས་རང་བདེན་ཚོགས་ཆུང་གིས་གོ་སྒྲིག་གནང་བ་བཞིན་གནས་མཇལ་དང་། བོད་དགོན་པའི་ཕྱག་མཛོད་ནས་ཕེབས་བསུ་སྣེ་ལེན་གནང་བ་ལྟར་མཆོད་མཇལ། རྒྱ་གར་གཞུང་གིས་འགྲོ་གྲོན་བཏང་ནས་གསར་རྒྱག་བྱེད་བཞིན་པའི་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྨན་རྩིས་སྡེ་ཚན་དེར་གཟིགས་བསྐོར་བཅས་གནང་རྗེས། ཕྱི་དྲོ་ཆུ་ཚོད་ ༤ པ་ཙམ་ལ་ཝ་ར་ཎ་སི་ནས་ཨེ་ལ་བྷཊ། (Allahabad) ཕྱོགས་སུ་ཕེབས་ཐོན་གྱིས་དགོང་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་ཡུ་པི་མངའ་སྡེའི་གྲོང་ཁྱེར་ཨེ་ལ་བྷཊ་ལ་འབྱོར་སྐབས་ས་གནས་སུད་ཚོང་བའི་ཚོགས་གཙོ་ཀུན་བཟང་ལགས་ཀྱིས་གཙོས་རྒྱུན་ལས་རྣམས་ནས་སྣེ་ལེན་གཟབ་རྒྱས་གནང་ཡོད་འདུག

སྤྱི་འཐུས་རྣམ་པས་ཨེ་ལ་བྷཊ་ས་གནས་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

ཕྱི་ཚེས་ ༦ ཉིན་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་ཨེ་ལ་བྷཊ་ས་གནས་སུད་ཚོང་བ་མཉམ་འཛོམས་སར། སྤྱི་འཐུས་རྣམ་གཉིས་ཆེད་ཕེབས་གནང་སྟེ་གོང་བཞིན་བརྗོད་གཞི་ཆ་བགོས་ཀྱིས་གསུང་བཤད་གནང་ཡོད་པ་མ་ཟད་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས་དགོང་དྲོ་ཆུ་ཚོད་ ༤ པའི་ཐོག་མེ་འཁོར་བརྒྱུད་བྷི་ཧར་མངའ་སྡེའི་རྒྱལ་ས་པཊ་ན་ (Patna) ཕྱོགས་སུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༧ ཉིན་གྱི་ཐོ་རངས་ཆུ་ཚོད་ ༢ པའི་ཐོག་བྷི་ཧར་རྒྱལ་ས་པཊ་ན་ལ་ཕེབས་འབྱོར་གནང་ཡོད་འདུག

སྤྱི་འཐུས་རྣམ་པས་པཊ་ན་ས་གནས་བོད་མི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་པཊ་ན་ས་གནས་བོད་མི་སུད་ཚོང་བ་རྣམས་ལ་གོང་བཞིན་བརྗོད་གཞི་ཆ་བགོས་ལྟར་གསུང་བཤད་གནང་ཡོད་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་མཐིལ་ཕྱིན་གནང་རྗེས་ས་གནས་སུ་ཡོད་པའི་པཊ་ན་འགྲེམས་སྟོན་ཁང་དང་། བུདྷ་སྤྱི་གླིང་གཉིས་ལ་གཟིགས་བསྐོར་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་པཊ་ན་ནས་སྣུམ་འཁོར་བརྒྱུད་གྷོ་རག་པུར་ (Gorakhpur) ཕྱོགས་སུ་ཕེབས་ཐོན་གནང་སྟེ། དགོང་མོ་ཆུ་ཚོད་ ༡༠ པ་ཙམ་ལ་ས་གནས་སུ་འབྱོར་གནང་འདུག

གྷོ་རག་པུར་ས་གནས་བོད་མིའི་སུད་ཚོང་བ་རྣམས་དང་ལྷན།

ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྤྱི་འཐུས་རྣམ་གཉིས་གྷོ་རག་པུར་བོད་མིའི་སུད་ཚོང་བ་རྣམས་ཚང་འཛོམས་སར། གོང་བཞིན་བརྗོད་གཞི་ཆ་བགོས་ལྟར་གསུང་བཤད་གནང་ཡོད་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། པི་ཨེསི་པི་སྲིད་དོན་ཚོགས་པའི་ཚོགས་མི་གསུམ་དང་མཇལ་འཕྲད་གནང་བ་དང་། སྐབས་དེར་ཁོང་རྣམ་པས་ས་གནས་བོད་མི་སུད་ཚོང་བ་རྣམས་ལ་དཀའ་ངལ་ག་དུས་འཕྲད་ནའང་གང་ཐུབ་རོགས་པ་བྱ་རྒྱུའི་ཞལ་བཞེས་གནང་འདུག ཉིན་རྒྱབ་ཆུ་ཚོད་ ༡ པོ་ཙམ་ལ་གྷོ་རག་པུར་ནས་ཡུ་པི་མངའ་སྡེའི་རྒྱལ་ས་ལཀ་ནའོ་ (Lucknow) ཕྱོགས་སུ་ཕེབས་ཐོན་གྱིས་དགོང་དྲོ་ཆུ་ཚོད་ ༦ པའི་ཐོག་ས་གནས་སུ་འབྱོར་སྐབས་ས་གནས་སུད་ཚོང་ཚོགས་གཙོ་ཚེ་རིང་དོན་གྲུབ་ལགས་ཀྱིས་གཙོས་རྒྱུན་ལས་རྣམས་ཀྱིས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་གནང་ཡོད་འདུག

ལཀ་ནའོ་ས་གནས་བོད་མིའི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ལཀ་ནའོ་བོད་མིའི་སུད་ཚོང་བ་རྣམས་མཉམ་འཛོམས་སར་སྤྱི་འཐུས་རྣམ་གཉིས་ཀྱིས་གོང་བཞིན་བརྗོད་གཞི་ཆ་བགོས་ཀྱིས་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་མཐིལ་ཕྱིན་གནང་ཡོད་པ་དང་། དེ་རྗེས། ལཀ་ནའོ་ལ་རྟེན་གཞི་བྱས་པའི་པི་ཨེསི་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་ (Shivpal Singh Yadav,President of Pragatisheel Samajwadi Party) མཆོག་དང་མཇལ་འཕྲད་གནང་སྟེ། རྒྱ་གར་གཞུང་དང་མི་མང་གིས་ད་བར་བོད་མི་སྐྱབས་བཅོལ་བར་མཐུན་འགྱུར་དང་། ལྷག་དོན་ལཀ་ནའོ་བོད་མི་སུད་ཚོང་བར་མཐུན་སྦྱོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། དེ་བཞིན་རྒྱ་གར་རྒྱལ་ཁབ་དེ་ཉིད་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་ཆགས་རྒྱུར་རྒྱབ་སྐྱོར་དང་། རྒྱ་གར་ཧིན་དྷིའི་སྐད་ཡིག་དེ་རྒྱལ་སྤྱིའི་སྐད་ཡིག་ཁོངས་སུ་ཚུད་པར་མོས་མཐུན་དང་རྒྱབ་སྐྱོར་ཡོད་ཅེས་ཞུས་གནང་འདུག་པ་མ་ཟད། སྐུ་ཞབས་ཁོང་ལ་བོད་མིའི་རང་ལུས་མེར་སྲེག་སྐོར་གྱི་དེབ་དང་། ཧིན་རྡིའི་སྐད་ཡིག་ཐོག་ཡོད་པའི་དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད། དེ་བཞིན་གྲོས་ཚོགས་ཚོགས་དུས་བརྒྱད་པ་དང་། ལཊ་ཝི་ཡའི་རྒྱལ་ས་རི་གར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བཅས་ཀྱི་གྲོས་ཆོད་བཅས་ཕུལ་གནང་འདུག

པི་ཨེསི་པི་སྲིད་དོན་ཚོགས་པའི་ཚོགས་མི་རྣམས་དང་ལྷན།

དེ་ནས་རིམ་པས་མངའ་སྡེའི་བྷི་ཇི་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་མཆོག་དང་། ཨེསི་པི་ཚོགས་པའི་ལས་ཁུངས་ཀྱི་འགན་འཛིན་མཆོག་བཅས་མཇལ་འཕྲད་ཀྱིས་གོང་བཞིན་ཞུས་ནས་ཡིག་ཆ་སོགས་ཕུལ་གནང་འདུག ཕྱི་ཚེས་ ༡༠ ཉིན་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ནས་སྔ་དྲོ་ཆུ་ཚོད་ ༦ ཐོག་མཁའ་ལམ་བརྒྱུད་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་བ་བཅས། །

རྡོར་གདན་བོད་མི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས།