སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་ངག་དབང་ཐར་པ་མཆོག་རྣམ་གཉིས་ནས་རྒྱ་གར་མངའ་སྡེ་ཁག་ལྔའི་ནང་བོད་མི་སུད་ཚོང་བའི་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།

ཇར་ཁན་ཌ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཇཱི་ སིང་ཧ་མཆོག

༄༅། ། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ངག་དབང་ཐར་པ་མཆོག་རྣམ་གཉིས་ནས་ལོ་གཉིས་དང་ཕྱེད་ཀ་ཕྱི་མའི་ས་བགོས་བཞིན། རྒྱ་གར་ཨོ་རི་ས་དང་།  ཇར་ཁན་ཌ། ནུབ་བྷན་གྷལ། བྷི་ཧར། ཡུ་པི་བཅས་མངའ་སྡེ་ཆེན་པོ་ཁག་ལྔའི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་སུད་ཚོང་བའི་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༢ བར་རྒྱ་གར་་ཨོ་རི་ས་མངའ་སྡེའི་ཁྱབ་ཁོངས་ས་གནས་ཀྲ་ཀྲ་ནཱ་གར་ (Tatanagar) དང་། ནུབ་བྷེང་གྷལ་མངའ་སྡེའི་ཁྱབ་ཁོངས་ས་གནས་པུ་རུ་ལི་ཡ་ (Purulia) དང་། ཨ་སན་སོལ།(Asansol) ཇར་ཁན་ཌ་མངའ་སྡེའི་ཁྱབ་ཁོངས་དྷན་བྷཌ་ (Dhanbad)  རན་ཅི་(Ranchi) བཅས་ཀྱི་སུད་ཚོང་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་ཡོད་འདུག

ཨོ་རི་ས་ཁྱབ་ཁོངས་ཀྲ་ཀྲ་ནཱ་གར་ (Tatanagar)ས་གནས་བོད་མི་སུད་ཚོང་བ་རྣམས་དང་ལྷན།

དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ནས་སྣུམ་འཁོར་བརྒྱུད་ཀྲ་ཀྲ་ནཱ་གཱར་དུ་བོད་མི་སུད་ཚོང་བའི་ས་གནས་སུ་ཕེབས་འབྱོར་སྐབས། སུད་ཚོང་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་བཅས་ནས་ཕེབས་བསུ་སྣེ་ལེན་དང་འབྲེལ་དེར་ཞག་སྡོད་གནང་ཡོད་འདུག

ཇར་ཁན་ཌ་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན་མཆོག་དང་ལྷན།

ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་ཀྲ་ཀྲ་ནཱ་གར་གྱི་སུད་ཚོང་བ་རྣམས་འདུ་འཛོམས་སར། སྤྱི་འཐུས་རྣམ་པ་གཉིས་ཀྱིས་༧གོང་ས་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས། བོད་ནང་གི་ཛ་དྲག་གནས་སྟངས། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རིམ། གྲོས་ཚོགས་ཀྱི་ལས་རིམ་བཅས་ཀྱི་ཐོག་མི་མང་ལ་ངོ་སྤྲོད་གསུང་བཤད་གནང་རྗེས། ས་གནས་སུད་ཚོང་བ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་འཐུས་ཚང་གནང་ཡོད་པ་དང་། དེ་ནས་ལོ་མང་སྔོན་ནས་༧གོང་ས་མཆོག་གདན་ཞུའི་འབད་བརྩོན་གནང་མཁན་ས་གནས་དེར་ཡོད་པའི་ཇར་ཁན་ཌ་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན་མཆོག་ནས་སྤྱི་འཐུས་རྣམ་གཉིས་གདན་ཞུས་ལྟར་ཆེད་བཅར་གནང་བ་དང་། སྐབས་དེར་ཁོང་རྣམས་ཀྱིས་ལོ་མང་སྔོན་ནས་ནང་པའི་དུས་སྟོན་གྱི་ཚོགས་མགོན་དུ་༧གོང་ས་མཆོག་གདན་ཞུའི་འབད་བརྩོན་ཞུས་སྐོར་དང་། ད་དུང་༧གོང་ས་མཆོག་གསེར་ཞལ་མ་མཇལ་བའི་ས་གནས་མི་མང་དང་། ས་གནས་ཀྱི་སློབ་ཕྲུག བོད་མི་སུད་ཚོང་བ་བཅས་ཀྱི་ཆེད་དུ། ནང་པའི་མཐུན་ཚོགས་དང་ཀྲ་ཀྲ་བཟོ་ཚོང་ཁང་གཉིས་མཉམ་འབྲེལ་ཐོག་༧གོང་ས་མཆོག་གདན་ཞུ་གནང་འདོད་པས། ད་རེས་སྤྱི་འཐུས་རྣམ་གཉིས་ནས་༧གོང་ས་མཆོག་ས་གནས་དེར་ཕེབས་ཐུབ་པའི་སྙན་སེང་འབོད་སྐུལ་གནང་རོགས་ཅེས་ཞུས་གནང་ཡོད་འདུག

ནུབ་བྷེང་གྷལ་མངའ་སྡེའི་ཁྱབ་ཁོངས་ས་གནས་པུ་རུ་ལི་ཡ་བོད་མིའི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

དེ་ནས་གླ་འཁོར་བརྒྱུད་པུ་རུ་ལི་ཡའི་ (Purulia) ཕྱོགས་སུ་ཕེབས་ཐོན་གནང་སྟེ། ཕྱི་དྲོ་ཆུ་ཚོད་ ༢ ཐོག་ནུབ་བྷེང་གྷལ་མངའ་སྡེའི་ཁོངས་སུ་ཡོད་པའི་པུ་རུ་ལི་ཡའི་ས་གནས་བོད་མི་སུད་ཚོང་བའི་སར་ཆེད་ཕེབས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། ས་གནས་སུད་ཚོང་བ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་འཐུས་ཚང་གནང་རྗེས། སྣུམ་འཁོར་བརྒྱུད་ཨ་སན་སོལ་ (Asansol) ཕྱོགས་སུ་ཕེབས་ཐོན་གནང་ཡོད།

ནུབ་བྷེང་གྷལ་མངའ་སྡེའི་ས་གནས་ཨ་སན་སོལ་བོད་མི་སུད་ཚོང་བ་རྣམས་དང་ཐུག་འཕྲད་སྐབས།

དགོང་མོ་ཆུ་ཚོད་ ༩།༣༠ ཐོག་ནུབ་བྷེང་གྷལ་མངའ་སྡེའི་ས་གནས་ཨ་སན་སོལ་བོད་མི་སུད་ཚོང་བའི་སར་ཕེབས་འབྱོར་གནང་སྟེ། སྤྱི་འཐུས་རྣམ་གཉིས་ཀྱིས་ས་གནས་སུད་ཚོང་བ་རྣམས་ལ་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་རྗེས་དགོང་མོ་དེར་ཞག་སྡོད་གནང་ཡོད་འདུག

ཇར་ཁན་ཌ་མངའ་སྡེའི་ས་གནས་དྷན་བྷཌ་ (Dhanbad) བོད་མི་ཁྲོམ་ས་(ཁ) པའི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

ཕྱི་ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་སྤྱི་འཐུས་རྣམ་གཉིས་ཨ་སན་སོལ་ནས་ཇར་ཁན་ཌ་མངའ་སྡེའི་ས་ཁོངས་ཡོད་པའི་དྷན་བྷཌ་ (Dhanbad) ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། སྔ་དྲོ་ཆུ་ཚོད་ ༡༠ ཐོག་ས་གནས་དྷན་བྷཌ་སུད་ཚོང་ (ཁ) པའི་ནང་ཕེབས་ཏེ། གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།

ཇར་ཁན་ཌ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཇཱི་ སིང་ཧ་མཆོག

ཉིན་རྒྱབ་ས་གནས་སུད་ཚོང་ཁྲོམ་སའི་ཐོག་ལ་ཕྱག་རོགས་ཤུགས་ཆེ་གནང་མཁན་ཇར་ཁན་ཌ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཇཱི་ སིང་ཧ་ (Raj Sinha,Member of the Jharkhand Legislative Assembly from Dhanbad) མཆོག་ལ་མཇལ་འཕྲད་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཕུལ་ཏེ། མ་འོངས་པར་མུ་མཐུད་ས་གནས་སུད་ཚོང་བ་རྣམས་ལ་མཐུན་འགྱུར་གནང་རོགས་ཞུས་གནང་བར། སྐུ་ཞབས་ཁོང་གིས་འབྱུང་འགྱུར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

ཇར་ཁན་ཌ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་སྐུ་ཞབས་ནཱན་དྷི་ ཀུ་མར་ ཡ་ཌེབ་མཆོག

ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་དྷན་བྷཌ་ས་གནས་སུད་ཚོང་ (ཀ) པའི་སར་བཅར་ཏེ། སྤྱི་འཐུས་རྣམ་གཉིས་ཀྱིས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། སུད་ཚོང་བ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་འཐིལ་ཕྱིན་གནང་རྗེས། སྣུམ་འཁོར་བརྒྱུད་ཇར་ཁན་ཌ་མངའ་སྡེའི་རྒྱལ་ས་རན་ཅི་ (Ranchi) ལ་ཕེབས་ཐོན་གྱིས་དེར་འབྱོར་སྐབས། ས་གནས་བོད་མིའི་སུད་ཚོང་ཚོགས་པའི་ཚོགས་གཙོ་དང་འཐུས་མི་རྣམ་པས་སྣེ་ལེན་གནང་བ་དང་།  དེ་ནས་ཇར་ཁན་ཌ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་སྐུ་ཞབས་ནཱན་དྷི་ ཀུ་མར་ ཡ་ཌེབ་ (Prof. Nand Kumar Yadav,Vice-Chancellor, Central University of Jharkhand) མཆོག་གི་སར་བཅར་ནས།

ཇར་ཁན་ཌ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་སྐུ་ཞབས་ནཱན་དྷི་ ཀུ་མར་ ཡ་ཌེབ་མཆོག་དང་མཇལ་འཕྲད་སྐབས་རྒྱ་གར་ཚགས་པར་ཁག་གི་ནང་འཁོད་པ།

རྒྱ་གར་གཞུང་གིས་ད་བར་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་སྦྱོར་གནང་བ་མ་ཟད། ཇར་ཁན་ཌ་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་སྐད་ཡིག་སློབ་གཉེར་གསར་བཟོ་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། ཁོང་ལ་བོད་ཀྱི་སྲིད་དོན་རྒྱལ་རབས་ཧིན་དྷིའི་སྐད་ཡིག་ཐོག་ཡོད་པ་ཞིག་ཕུལ་གནང་ཡོད་འདུག

འཛམ་གླིང་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཁས་དབང་སྐུ་ཞབས་ཧརཱི་ཤེ་ སང་ཀེ་རི་ཏྱཡན་མཆོག

དེ་རྗེས་སྤྱི་འཐུས་རྣམ་གཉིས་འཛམ་གླིང་ནང་པའི་མཐུན་ཚོགས་ (World Buddha Foundation) ཀྱི་ཚོགས་གཙོ་མཁས་དབང་སྐུ་ཞབས་ཧརཱི་ཤེ་ སང་ཀེ་རི་ཏྱཡན་  (Dr Harish Sankrityayan) མཆོག་གི་སར་ཆེད་བཅར་གནང་བ་དང་། སྐབས་དེར་སྐུ་ཞབས་ཁོང་གིས། རན་ཅི་ས་གནས་སུ་ཁོང་ལ་ས་ཆ་སྟོང་པ་མང་པོ་ཡོད་པས། བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་གསར་འཛུགས་བྱེད་ཐུབ་ན་ས་ཆའི་མཐུན་རྐྱེན་སྦྱོར་རྒྱུ་དང་། ནང་པའི་མཐུན་ཚོགས་ཀྱི་བསྟི་གནས་ཡོད་སར་བོད་ཀྱི་དགོན་པ་རྒྱག་ཐུབ་ན་ས་ཆ་འབུལ་འདོད་ཡོད་ཅེས་དང་། དགོན་པ་རྒྱག་མ་ཐུབ་ཀྱང་བོད་པའི་དགེ་འདུན་པ་བཞི་སྡེ་ཞིག་གཏོང་ཐབས་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་གནང་ཡོད་འདུག་པར། སྤྱི་འཐུས་རྣམ་པས་སྨན་རྩིས་ཁང་ལ་འབྲེལ་བ་གནང་དགོས་པའི་ལམ་སྟོན་དང་། དགོན་སྡེ་གསར་འཛུགས་སྐོར་དེ་ཆོས་རིག་ལས་ཁུངས་ལ་ཞུ་རྒྱུ་གནང་ཡོད་འདུག

ཇར་ཁན་ཌ་མངའ་སྡེའི་ས་གནས་དྷན་བྷཌ་ (Dhanbad) ས་གནས་ཀྱི་ཁྲོམ་ས་ (ཀ) པའི་བོད་མི་སུད་ཚོང་བ་རྣམས་དང་ལྷན།

ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་སྤྱི་འཐུས་རྣམ་གཉིས་རན་ཅི་ས་གནས་བོད་མི་སུད་ཚོང་བའི་སར་བཅར་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས།

རན་ཅི་བོད་མིའི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

སྤྱི་འཐུས་རྣམ་གཉིས་བྷི་ཧར་མངའ་སྡེའི་གྲོང་ཁྱེར་གྷ་ཡ་ (Gaya) ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་བཅས། །

ཨོ་རི་ས་མངའ་སྡེའི་ཁྱབ་ཁོངས་ཀྲ་ཀྲ་ནཱ་གར་ (Tatanagar)ས་གནས་བོད་མི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

ནུབ་བྷེང་གྷལ་མངའ་སྡེའི་ཁྱབ་ཁོངས་ས་གནས་པུ་རུ་ལི་ཡ་བོད་མིའི་སུད་ཚོང་བ་རྣམས།

ནུབ་བྷེང་གྷལ་མངའ་སྡེའི་ས་གནས་ཨ་སན་སོལ་བོད་མི་སུད་ཚོང་བ་རྣམས།

ཇར་ཁན་ཌ་མངའ་སྡེའི་ས་གནས་དྷན་བྷཌ་ (Dhanbad) བོད་མི་ཁྲོམ་ས་(ཁ) པའི་སུད་ཚོང་བ་རྣམས།

ཇར་ཁན་ཌ་མངའ་སྡེའི་ས་གནས་དྷན་བྷཌ་ (Dhanbad) བོད་མི་ཁྲོམ་ས་(ཀ) པའི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

ཇར་ཁན་ཌ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་སྐུ་ཞབས་ནཱན་དྷི་ ཀུ་མར་ ཡ་ཌེབ་མཆོག

རན་ཅི་བོད་མིའི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།