སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་ཟུར་པ་གྲོང་རེས་ཚང་བློ་བཟང་མཁས་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་གསུང་འཕྲིན་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་དང་། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་ཟུར་པ། མི་ལོ་བཞི་བཅུ་ལྷག་རིང་བོད་མིའི་སྒྲིག་འཛུགས་སུ་ཕྱག་ལས་རྒྱ་ཆེ་གནང་ཡོད་པ་གྲོང་རེས་ཚང་བློ་བཟང་མཁས་གྲུབ་མཆོག་འདི་ཟླའི་ཚེས་ ༢༠ རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་ཝན་ཀུ་ཝར་གྲོང་ཁྱེར་གྱི་རང་ཁྱིམ་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་གང་གི་སྐུ་འཁོར་ནང་མི་ཉེ་འབྲེལ་ལྟོས་བཅས་ལྷན་རྒྱས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། གང་གི་ཉེ་འབྲེལ་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་སྐྱེ་བའི་མཐའ་མར་འཆི་དགོས་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས་ཤིང་། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཆེའི་མང་ཚོགས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་མངར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ནང་མི་ཉིད་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ། ཞེས་འཁོད་གནང་ཡོད།

དེ་ཡང་གྲོང་རེས་ཚང་བློ་བཟང་མཁས་གྲུབ་མཆོག་ནི་ཕྱི་ལོ་ ༡༩༣༩ ལོར་ཁམས་བྲག་གཡབ་གྲོང་རེས་ཚང་དུ་འཁྲུངས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་པ་དང་། ཕྱི་ལོ་ ༡༩༦༥ ཟླ་ ༤ ཚེས་ ༢༣ ཉིིན་གཞུང་ཞབས་སུ་ཞུགས་ནས་ཆོས་དོན་ལྷན་ཁང་གི་ཡིག་འབྲི་དང་། དངུལ་གཉེར། རྩིས་པ་བཅས་ཀྱི་ལས་འགན་བཞེས། ཕྱི་ལོ་ ༡༩༧༣ ཟླ་ ༡ ཚེས་ ༦ ཉིན་གནས་བདུན་པར་གནས་སྤར་གྱིས་ཆོས་དོན་དྲུང་གཞོན་དང་། ཕྱི་ལོ་ ༡༩༧༣ ཟླ་ ༡༡ ཚེས་ ༦ ཉིན་དྲུང་ཆེ་ལས་རོགས་ཀྱི་གནས་རིམ་ཐོག་ཚོགས་དྲུང་གི་ལས་འགན་བཞེས།  ཕྱི་ལོ་ ༡༩༧༥ ཟླ་ ༦ ཚེས་ ༢༡ ཉིན་ནས་གནས་སྐབས་དགོངས་ཞུ་གནང་། ཕྱི་ལོ་ ༡༩༧༧ ཟླ་ ༣ ཚེས་ ༡༠ གནས་བདུན་པའི་ལས་གནས་ཐོག་ལས་བྱེད་བདག་གཉེར་ཁང་གི་ལས་འགན་བཞེས། ཕྱི་ལོ་ ༡༩༨༣ ཟླ་ ༡ ཚེས་ ༡༧ ནས་གནས་དྲུག་པར་གནས་སྤར་གནང་སྟེ་སྦིར་ནང་ཆེན་གཞིས་འགོའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༦ ཟླ་ ༩ ཚེས་ ༢༩ ནས་དྷ་སའི་བདེ་དོན་དང་བོད་མིའི་མཉམ་ལས་བཟོ་འགོ་གཅིག་ལྕོགས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༩༡ ཟླ་ ༡༡ ཚེས་ ༡ ནས་གནས་རང་འཇགས་ཐོག་ཆོས་རིག་དྲུང་ཆེ་ལས་རོགས་དང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ དྲུང་ཆེ་ལས་འཕར་དང་རྗེས་སུ་དྲུང་ཆེའི་ལས་གནས་ཐོག་བསྐོ་བཞག་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༥ ཚེས་ ༣ ནས་ཆོས་རིག་དྲུང་ཆེའི་ལས་འགན་བཞེས་མུས་སྐབས་སྒྲིག་གསལ་ལྟར། ཕྱི་ལོ་ ༡༩༩༨ ཟླ་ ༧ ཚེས་ ༡ ནས་ལོ་གཉིས་བགྲེས་ཡོལ་ཕར་འགྱངས་གནང་སྟེ་མུ་མཐུད་མཛད་འགན་བཞེས། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡ ནས་བགྲེས་ཡོལ་བསྩལ། ཕྱི་ལོ་ ༢༠༠༠ ཟླ ༡༠ ཚེས་ ༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་ཁུར་དམ་འབུལ་གྱིས། ༢༠༠༥ ཟླ་ ༧ ཚེས་ ༡ ཉིན་དགུང་ནའི་བབ་ཀྱིས་བགྲེས་ཡོལ་དུ་ཕེབས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས། །

ཐུགས་གསོའི་གསུང་འཕྲིན་ངོ་མ་འདིར་གཟིགས་དང་།