བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་གསུང་འཕྲིན་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ ཡས་མས་ཙམ་ལ་ཨ་རིའི་མེ་སི་ཆུ་སིའི་སྨན་ཁང་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

         དམ་པ་ཁོང་ནི་ཕྱི་ལོ་ ༡༩༤༢ ལོར་ཕ་ནམ་མཁའ་རྡོ་རྗེ་དང་། མ་སྒྲོལ་དཀར་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་། ཕ་ཡུལ་སྒ་བ་ཡུལ་ཤུལ་ཁྲི་འདུ་ནས་ཡིན་ཞིང་། ཁོང་གིས་བོད་ཡིག་སློབ་སྦྱོང་གནང་རྗེས་དྲག་པོ་དམག་གི་སློབ་སྦྱོང་ཡང་གནང་མྱོང་ཡོད། ཁོང་ནས་མའི་སོར་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་གཉིས་པའི་སྤྱི་མི་དང་མཉམ་སྦྲེལ་འགན་འཛིན་ཚོགས་མི། ས་གནས་མདོ་ཁམས་ཆུ་སྒང་གི་རྒྱུན་ལས། སྐབས་བདུན་པ་དང་སྐབས་བརྒྱད་པའི་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱུང་བ་དང་།  ལྷག་པར་དུ་སྐབས་བཅུ་པའི་སྐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་བ་དང་། དེ་རྗེས་སྐབས་བཅུ་གཅིག་པའི་མདོ་སྟོད་སྤྱི་འཐུས་ལའང་བདམས་ཐོན་བྱུང་ཡོད་འདུག

         ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག  སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་དམ་པ་གང་གི་ནང་མིར་ཐུགས་གསོའི་ཕྱག་བྲིས་གནང་བའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྐབས་བདུན་པ་དང་། བརྒྱད་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་སྤྱི་འཐུས་ཀྱི་ལས་འཁུར་བཞེས་ཤིང་། ལྷག་པར་དུ་སྤྱི་འཐུས་སྐབས་བཅུ་པའི་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས་མྱོང་མཁན་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་འདི་ལོ་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༠༣ ཉིན་ཨ་རིའི་མངའ་སྡེ་མེ་སི་ཆུ་སིའི་སྨན་ཁང་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་གང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་གནས་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཞེས་འཁོད་འདུག

དེ་བཞིན་བཀའ་ཤག་གི་བཀའ་ཁྱབ་ལྟར་ཉིན་རྒྱབ་ཆུ་ཚོད་ ༢ པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྒྱུ་དང་། དེ་རྗེས་མྱ་ངན་གུས་འདུད་སླད་དབུས་ཀྱི་ལས་ཁུངས་ཡོངས་རྫོགས་སྒོ་བཅད་གནང་ཡོད།

TIBETAN PARLIAMENT-IN-EXILE