སྤྱི་འཐུས་ཚོགས་གཞོན་མཆོག་སིམ་ལ་ཧི་མ་ལ་ཡན་དུས་སྟོན་ཐོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་དྷ་ས་ནས་ཕེབས་ཐོན་གནང་སྟེ་ཕྱི་དྲོ་སིམ་ལ་རྡོ་རྗེ་བྲག་དགོན་དུ་འབྱོར་བ་དང་། ཕྱི་ཚེས་ ༢༢ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་མཇལ་བཅར་ཞུས། ཚེས་ ༢༣ ཉིན་གྱི་སྔ་དྲོར་གྷན་དྷི་ཐང་དུ་ཧི་མ་ལ་ཡན་དུས་སྟོན་སར་འཕྲོད་བསྟེན་བཀའ་བློན་མཆོག་དང་ལྷན་བཅར་གནང་། དེར་ས་གནས་ཀྱི་ལས་སྣེ་དང་མང་ཚོགས། སློབ་ཕྲུག་བཅས་སྟོང་ཕྲག་བརྒལ་བ་ཕེབས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷ་དར་སིང་མཆོག་ཕེབས་ཡོད། སྐབས་དེར་སྲིད་སྐྱོང་མཆོག་དང་། སྤྱི་ལྷན་ཚོགས་གཞོན་བཅས་ནས་ཕེབས་བསུའི་མཇལ་དར་ཕུལ་བ་དང་སྦྲགས་དུས་སྟོན་སྒོ་འབྱེད་གནང་། དེར་ཟས་རིགས་དང་། རིག་གཞུང་དང་འབྲེལ་བའི་ཚོང་རྫས། སྨན་རིགས། དཀྱིལ་འཁོར་སོགས་འགྲེམས་སྟོན་གྱི་དངོས་རྫས་སྣ་ཚོགས་གཤམ་སྒྲིག་གནང་ཡོད་པ་རེད།

 

སྲིད་སྐྱོང་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཕྱག་རྟགས་ཕུལ་རྗེས། མངའ་སྡེའི་བློན་ཆེན་མཆོག་ནས་སྲིད་སྐྱོང་མཆོག་དང་། སྤྱི་ལྷན་ཚོགས་གཞོན་མཆོག འཕྲོད་བསྟེན་བཀའ་བློན་མཆོག་བཅས་ལ་དབུ་ཞྭ་དང་ཤོལ་གཡོགས་གནང་བ་དང་། དེ་རྗེས་སྲིད་སྐྱོང་མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་ཀྱིས་རིམ་བཞིན་གསུང་བཤད་གནང་གྲུབ་རྗེས། བོད་དང་། འབྲུག། འབྲས་ལྗོངས་། ལ་དྭགས། ཀི་ནོར་སོགས་ཀྱི་གཞས་སྣ་རིགས་གཟིགས་འབུལ་ཞུས། ཕྱི་དྲོར་སྲིད་སྐྱོང་མཆོག་དང་འཕྲོད་བསྟེན་བཀའ་བློན་མཆོག དེ་བཞིན་སྐབས་དེར་དུས་སྟོན་དང་འབྲེལ་ཆགས་ལས་བྱེད་ཁག་གཅིག་བཅས་ནས་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་པ་དང་ཐུབ་བསྟན་རྡོ་རྗེ་བྲག་དགོན་པ་ནས་ཁོང་རྣམ་པར་དགོང་དྲོའི་གསོལ་ཚིག་འདེགས་འབུལ་གནང་།

 

ཚེས་ ༢༤ གྱི་སྔ་དྲོར་སིམ་ལ་མི་མང་དང་སློབ་ཕྲུག་ཚོགས་འདུར་གདན་ཞུས་ལྟར་ཕེབས་པ་དང་དེ་ཉིན་ཕྱི་དྲོ་སིམ་ལ་ནས་ཕྱིར་དྷ་སར་ཕེབས་ཐོན་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།