སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོར་གནང་བའི་གསུང་བཤད།

 དེ་རིང་། ང་ཚོ་ཚང་མ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་འགྱུར་མཚམས་རླབས་པོ་ཆེ་ཞིག་གི་ཆེད་དུ་སྐབས་ ༡༤ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་སྤྱི་མོས་གྲོས་ཆོད་གཞིར་བཟུང་ལྷན་འཛོམས་གནང་ནས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཉམས་ལེན་ཞུ་ཕྱོགས་ལ་གོ་བསྡུར་སྦྱངས་བཤད་ཞུས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་འཆར་ཟིན་ནང་དུ་འཁོད་པའི་བཅའ་ཁྲིམས་ཀྱི་སྔོན་གླེང་དང་དོན་ཚན་དང་པོའི་ཐོག་༸རྒྱལ་བ་རིན་པོ་ཆེར་གསོལ་འདེབས་སྙན་ཞུ་འབུལ་རྒྱུ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་བསྐྱར་བཅོས་གཏོང་རྒྱུའི་སྐོར་ལ་གཞི་རིམ་མང་ཚོགས་གྱི་བསམ་ཚུལ་བསྡུ་རུབ་ཞུ་རྒྱུ་དམིགས་ཡུལ་དུ་བཟུང་བའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོགས་ཀྱི་ཡོད་པ་རེད།
ཉེ་བའི་དུས་ཡུན་གང་འཚམ་རིང་། གནད་དོན་འདིའི་ཐོག་གཞི་རིམ་མང་ཚོགས་ནང་དང་། གསར་འགྱུར་བརྒྱུད་ལམ་ཁག་ནས་བསམ་ཚུལ་འདོན་པ་དང་། དཔྱད་བརྗོད་སྤེལ་བ། བགྲོ་གླེང་བྱེད་པ་སོགས་ཚང་མས་དོ་སྣང་ཆེན་པོ་གནང་སོང་བར་ཐུགས་རྗེ་ཆེ་ཞུ་གི་ཡོད།
ཚང་མའི་དགོངས་པར་མངའ་གསལ་ལྟར། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་ནང་། “བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་”ཞེས་སོགས་ཕེབས་པར་བརྟེན། གྲོས་ཚོགས་ཚོགས་དུས་ ༡༡ པས་ལས་ཉིན་བཞིའི་རིང་གྲོས་ཚོགས་ནང་དང༌། སྤྱི་འཐུས་བཞུགས་མོལ་ཚོགས་འདུ། དེ་བཞིན་སྤྱི་འཐུས་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་ཞིབ་ཕྲ་ཞུས་མཐར། “མགོན་པོ་གང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་མཛད་ཁུར་མུ་མཐུད་སྐྱོང་བཞེས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་”ཞེས་མི་མང་གི་མངོན་འདོད་དང་མཐུན་ལ། ལོ་རྒྱུས་གྱི་དོན་སྙིང་ལྡན་པའི་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་འཇོག་ཐུབ་པ་བྱུང་ཡོད། ཡིན་ནའང་། གྲོས་ཆོད་དེ་ཉིད་སྐུ་སྒེར་དྲུང་ཆེ་བརྒྱུད་༸སྙན་གསན་ཞུས་པར། ཕྱི་ཚེས་ ༡༩ ཉིན་”ྋགོང་ས་མཆོག་གི་དགོངས་བཞེས་ཐག་གཅོད་ལ་འགྱུར་བ་མེད་གཤིས་གྲོས་ཆོད་ནང་གསལ་ལ་དགོངས་བཞེས་གནང་ཐབས་མ་གྱུར་པས་ཕྱིར་སློག་ཞུ་དགོས་བཀའ་ཕེབས་འདུག་”ཅེས་བཀའ་ནན་བཟློག་ཏུ་མེད་པ་ཕེབས་པར་བརྟེན། བཀའ་བརྩི་དང་ལེན་མི་ཞུ་མཐུ་མེད་དུ་གྱུར་པ་དང་། སླར་ཡང་སྤྱི་འཐུས་རྣམས་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་ལས་འཆར་ཚོགས་ཆུང་ཞིག་འཛུགས་རྒྱུ་གཏན་འཁེལ་གནང་བ་ལྟར།  ཚེས་ ༢༡ ཉིན་བཀའ་སྤྱི་གཉིས་ལས་གྲུབ་པའི་ལས་འཆར་ཚོགས་ཆུང་ཞིག་བསྐོ་འཛུགས་ཞུས། ཚེས་ ༢༣ ཉིན་ཚོགས་ཆུང་གིས་སྙན་ཐོ་ཟུར་འཛར་བཅས་པ་གྲོས་ཚོགས་སུ་སྙན་སྒྲོན་གནང་བ་དང༌། ཚེས་ ༢༤ དང་ ༢༥ སོ་སོར་བགྲོ་གླེང་མཐིལ་ཕྱིན་གནང་སྟེ། གསུང་འཕྲིན་དང་བཀའ་སློབ་དགོངས་དོན་ཉམས་ལེན་ཞུ་སླད། ཚོགས་གཙོ་སྦྲེལ་པོས་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་གཞག་བྱ་རྒྱུའི་གྲོས་ཆོད་དགོངས་དོན་ལྟར། ཚོགས་ཆུང་གི་ཚོགས་མིར་ཚོགས་གཙོ་སྦྲེལ་པོ་དང༌། བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག སྤྱི་འཐུས་པདྨ་འབྱུང་གནས་ལགས་བཅས་ལ་བསྐོ་གཞག་བྱས།  ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༩ ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༩ བར་ལས་དོན་ཁག་རུ་ངར་ཞིབ་ཚགས་བགྱིས་ཁར། ཁྲིམས་དོན་མཁས་པ་ཁག་ལ་གོ་བསྡུར་བཀའ་སློབ་ལམ་སྟོན་ཆེད་ཌོག་ཊར་སུ་བྷཤ་  ཀཤཡབ་ དང༌། མ་ཡེ་ཁལ་ སི་ ཝན་ ཝལཊ་ ཝན་ པ་རག གདན་ཞུས་ཀྱིས་གོ་བསྡུར་ཞིབ་ལྷུག་དང༌། མཁྱེན་ལྡན་རེ་ཟུང་ནས་དགོངས་འཆར་ཕེབས་པ་ཁག་ལའང་དོ་སྣང་ཞུས་ཏེ་བསྐྱར་བཅོས་ཟིན་བྲིས་གཏན་འབེབས་ཞུས་པ་དང་། གྲོས་ཆོད་དགོངས་དོན་བཞིན་ཕྱི་ཚེས་ ༡༡ ཉིན་གྲུབ་དོན་སྙན་ཐོ་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཡོད་པ་རེད།
ཚོགས་ཆུང་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ཁག་གཉིས་བཟོས་ཏེ། ཟིན་བྲིས་དང་པོའི་ཐོག་བཟོ་བཅོས་ཐེངས་བཞི་དང་། ཟིན་བྲིས་གཉིས་པར་བཟོ་བཅོས་ཐེངས་གཅིག་ཞུས་ཡོད་པ་རེད། ཟིན་བྲིས་དང་པོར་མང་མོས་ཀྱིས་རྒྱབ་གཉེར་གནང་སྟེ། འདིའི་སྔོན་ཡོངས་ཁྱབ་ཏུ་འགྲེམས་སྤེལ་ཞུས་པའི་འཆར་ཟིན་དེབ་གཟུགས་སུ་ཡོད་པ་དེ། ཟིན་བྲིས་དང་པོའི་མཐའ་བསྡོམས་ལས་ཟུར་དུ་བཏོན་ནས་བཀྲམ་པ་ཞིག་རེད།
རྣམ་པ་ཚོའི་ཕྱག་ཏུ་ཕུལ་ཟིན་པའི་ཚོགས་ཆུང་གི་ཟིན་བྲིས་དང་པོའི་ནང་དོན་རོབ་ཙམ་ཞིག་འགྲེལ་བཤད་ཞུས་ན། ཟིན་བྲིས་འདི་གྲོས་ཚོགས་ཀྱིས་ཆེད་བཙུགས་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་གྲོས་ཚོགས་སུ་བགྲོ་གླེང་གནང་ནས་མོས་མཐུན་བྱུང་བ་གཞིར་བཟུང་བཟོས་པ་ཞིག་ཡིན་པ་དང་། བཅའ་ཁྲིམས་འཆར་ཟིན་དུ་སྔོན་གླེང་དང་དོན་ཚན་དང་པོ་གསར་བཅུག་ཐོག སྔོན་གླེང་གི་དགོས་དོན་གཙོ་བོ་ནི། ཡོངས་གྲགས་སུ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དུས་ད་ལྟའི་བར་བརྒྱུད་པ་མཚམས་མ་ཆད་པའི་གཞུང་འདི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་མང་གཙོའི་ཆ་ལག་ཡོངས་སུ་ཚང་བ་ཞིག་ཏུ་འགྱུར་བ་བཏང་ཡང་། ལོ་རྒྱུས་དང་ཁྲིམས་ཀྱི་ཐོག་ནས་ཁྲིམས་མཐུན་ཡིན་པ་བསྒྲུབས་ཡོད་ཅིང་། གཙོ་ཆེ་ཤོས་མང་ཚོགས་ཀྱི་མངོན་འདོད་ཀྱི་ཐོག་ནས་ཁྲིམས་མཐུན་ཡིན་པར་བསྒྲུབ་ཐུབ་པ་ཞུ་རྒྱུ་དེ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། འགོ་ཁྲིད་ཚོས་གཞིས་བྱེས་བོད་མིའི་རེ་འདོད་སྐོང་ཐུབ་པ་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན།
ཟིན་བྲིས་ཀྱི་དོན་ཚན་དང་པོའི་ནང་། ༸རྒྱལ་བ་རིན་པོ་ཆེ་དང་། བོད་དང་བོད་མིའི་དབར་ཁ་འབྲལ་ཐབས་མེད་པ་དང་། ལོ་རྒྱུས་དང་མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་ཀྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེར་རང་ཆས་སུ་ཡོད་པའི་མཛད་འགན་ཁག་ཅིག་བཅའ་ཁྲིམས་སུ་འགོད་དགོས་པ་དངོས་ཡོད་གནས་སྟངས་དང་དུས་ཀྱི་དགོས་མཁོར་མཐོང་།
འདིའི་སྐོར་ལ་ཞིབ་ཕྲ་བཀའ་བློན་ཁྲི་པ་མཆོག་གིས་ད་ལྟ་གནང་རྒྱུའི་བཀའ་ཤག་གི་གསུང་བཤད་ནང་གསལ་གྱི་རེད། ད་རེས་ཚོགས་ཆེན་གྱི་བརྗོད་གཞི་གཙོ་ཆེ་ཤོས་ཀྱང་གནད་དོན་འདི་གཉིས་ཀྱི་སྐོར་ལ་ཡིན་པ་དང་། བཀའ་སྤྱི་གཉིས་ནས་ལས་རིམ་སྒྲིག་སྐབས་ཚོགས་ཆེན་གྱི་དུས་ཚོད་མང་ཆེ་བ་གནད་དོན་འདིའི་ཐོག་ལ་གོ་སྒྲིག་ཞུས་ཡོད།
ཟིན་བྲིས་ནང་བཅའ་ཁྲིམས་ཀྱི་གཞུང་དངོས་སུ་འགྱུར་བ་བཏང་བ་དེ་དོན་ཚན་ ༡༩ པ་དེ་ཆགས་ཡོད། དོན་ཚན་ ༡༩ པར་གསལ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོའི་རྒྱལ་ཁབ་དབུ་ཁྲིད་ཀྱི་འགན་དབང་རྣམས་མང་གཙོའི་ཀ་བ་གསུམ་ལ་ཆ་བགོས་བྱེད་སྟངས་རོབ་ཙམ་ཞུས་ན།
༡ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་དང༌། སྒྲིག་གཞི་ཁག་ལ་ཆོག་མཆན་དང་གསལ་བསྒྲགས།
ཞེས་པ་འདི་ཆོག་མཆན་མཚན་རྟགས་འགོད་མཁན་སྤྱི་འཐུས་ཚོགས་གཙོ་དང་། གསལ་བསྒྲགས་བྱེད་མཁན་བཀའ་བློན་ཁྲི་པར་བཞག་ཡོད། རྒྱལ་ཁབ་མང་ཆེ་བའི་ནང་། ཁྲིམས་སྒྲིག་ལ་ཆོག་མཆན་མཚན་རྟགས་འགོད་རྒྱུའི་འགན་དབང་དེ་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ཕུལ་ཡོད་པ་དང་། འགའ་ཤས་ཀྱིས་རྒྱལ་ཁབ་དབུ་ཁྲིད་དང་མཚན་རྟགས་མཉམ་སྦྱར་གྱི་ཆ་རྐྱེན་བཞག་པ། རྒྱལ་ཁབ་འགའ་ཤས་ནང་གྲོས་ཚོགས་ནས་གཏན་འབེབས་ཇི་བྱས་ལ་ཆ་འཛིན་བྱེད་པའམ། ཚོགས་གཙོས་མཚན་རྟགས་འགོད་པ་སོགས་སྣ་ཚོགས་ཤིག་ཡོང་གི་ཡོད་ཀྱང་། ཟིན་བྲིས་འདིའི་སྒྲོམ་གཞིའི་ནང་རྒྱབ་ཁབ་ཀྱི་དབུ་ཁྲིད་བཀོད་སྒྲིག་ཞུས་མེད་པས། སྤྱི་འཐུས་ཚོགས་གཙོ་འོས་བབ་ཆེ་ཤོས་སུ་མཐོང་བ་རེད། གལ་སྲིད་འགན་དབང་འདི་ཁྲིམས་ཞིབ་པ་ཆེ་བར་ཕུལ་བ་ཡིན་ན། ང་ཚོར་རྩ་ཁྲིམས་ཁྲིམས་ཁང་ལོགས་སུ་མེད་པ་དང་། ཁྲིམས་དོན་འགྲེལ་བརྗོད་བྱེད་ཕྱོགས་ཀྱི་རྩོད་རྙོག་ཐག་གཅོད་བྱེད་མཁན་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཆགས་ཡོད་སྟབས། ཁྲིམས་དོན་ཁྲུན་ཐག་གཅོད་མཁན་དང་ཆོག་མཆན་གནང་མཁན་གང་ཟག་གཅིག་ཆགས་རྒྱུའི་དཀའ་ངལ་འཕྲད་སྲིད་པ་དང་། བཅའ་སྒྲིག་གི་སྒྲོམ་གཞིའི་དགོངས་དོན་ལྟར་བཀའ་བློན་ཁྲི་པ་གྲོས་ཚོགས་ཀྱི་ཁྲིམས་བཟོའི་ལས་དོན་ཡོངས་རྫོགས་ལ་མཉམ་ཞུགས་བྱེད་ཆོག་པ་དང་། ཁྲིམས་འཆར་འདོན་པ་དང་བགྲོ་གླེང་གི་གོ་སྐབས་ཡོད་པས། ཁྲིམས་ལུགས་ལག་བསྟར་བྱེད་མཁན་འཛིན་སྐྱོང་གི་འགན་འཛིན་ནས་ཁྲིམས་ཡིག་ལ་ཆོག་མཆན་སྤྲོད་པའི་ལམ་སྲོལ་ཞིག་སྲིད་འཛིན་ལམ་ལུགས་ལ་མ་གཏོགས་ཧ་ལམ་རྒྱལ་ཁབ་གཞན་ན་མེད་པ་རེད་འདུག
༢ ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་དང༌། བཀའ་རྩ་ཁྱབ་བསྒྲགས།
ཞེས་པ་ཕྱིར་བསྡུ་ཞུས་པའི་རྒྱུ་མཚན་གཙོ་བོ་ནི་སྐུ་དབང་འདི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཁོ་ནར་ཡོད་དགོས་པ་ཞིག་རེད། གལ་སྲིད་ང་ཚོར་བཀའ་རྩ་ཁྱབ་བསྒྲགས་གནང་དགོས་པ་ལྟ་བུའི་བཟློག་མེད་ཀྱི་གནས་སྟངས་བྱུང་བ་ཡིན་ན། འཕྲལ་དུ་གྲོས་ཚོགས་འཕར་མ་བསྡུ་བསྐོང་གནང་དགོས། གྲོས་ཚོགས་འཕར་མ་བསྡུ་བསྐོང་གི་ཆ་རྐྱེན་དེ་ཟིན་བྲིས་འདིའི་དོན་ཚན་ ༤༡ པའི་ནང་གསལ་ཡོད།
༣ བྱས་རྗེས་གཟེངས་རྟགས་དང༌། གོ་མིང་བདག་རྐྱེན།
འགན་དབང་འདི་བཀའ་བློན་ཁྲི་པར་ཕུལ་ཡོད།
༤ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་འགྱངས་དང༌། བར་མཚམས་འཇོག་པ། གྲོལ་བ། བསྡུ་བསྐོང༌།
འདིའི་ཐོག སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང་། དུས་ཡུན། ས་གནས་བཅས་རྒྱུན་ལས་དང་གོ་བསྡུར་ཐོག་ཚོགས་གཙོ་ལྷན་རྒྱས་ནས་གཏན་འབེབས་གནང་ཆོག་པའི་བསྐྱར་བཅོས་བྱས་ཡོད་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་གྲོལ་བརྡ་གཏོང་རྒྱུ་དེ་སྔ་༸གོང་ས་ཆེན་པོར་སྙན་གསན་ཞུ་དགོས་ཀྱང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་ཁ་གསལ་བཟོ་ཆོག་གི་རེད།
༥ དགོས་གལ་ནམ་བྱུང་ལ་སྤྱི་འཐུས་ལྷན་ཚོགས་སུ་གསུང་བཤད་དང༌། གསུང་འཕྲིན།
རྒྱལ་ཁབ་དབུ་ཁྲིད་ཀྱི་འགན་དབང་ཡིན་པའི་ཆ་ནས་ཕྱིར་བསྡུ་ཞུས་ཡོད་ཀྱང་། བཅའ་ཁྲིམས་ཟིན་བྲིས་འདིར་གསར་དུ་བཅུག་པའི་དོན་ཚན་དང་པོའི་ནང་གསེས་ ༢ པར། ༸གོང་ས་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་སམ། འགོ་ཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་། བཀའ་སློབ་ལམ་སྟོན་གནང་རྒྱུའི་སྐོར་གསལ་ཡོད།
༦ སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་དང༌། ལས་དོན་བར་མཚམས་འཇོག་པ།
མི་རིགས་དང༌། མང་ཚོགས་ཀྱི་ཁེ་ཕན་ཆེད་སྤྱི་འཐུས་ལྷན་ཚོགས་གནས་སྐབས་ལས་དོན་བར་མཚམས་འཇོག་པའམ། འཕོ་འགྱུར་གཏོང་དགོས་ན། བཀའ་ཤག་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་བཅས་ཀྱི་རྩ་འབོར་གྱི་བཞི་ཆ་གསུམ་གྱིས་མོས་མཐུན་བྱེད་དགོས་པ་བསྐྱར་བཅོས་ཟིན་བྲིས་ནང་འཁོད་ཡོད།
༧ བཀའ་ཤག་གམ། བཀའ་བློན་སུ་རུང་འཕོ་འགྱུར།
རྒྱལ་ཁབ་དབུ་ཁྲིད་ཀྱི་སྐུ་དབང་ཡིན་པའི་ཆ་ནས་ཕྱིར་བསྡུ་ཞུས་ཡོད་ཀྱང་། བཅའ་ཁྲིམས་དོན་ཚན་ ༢༩ པའི་ནང་གསེས་ ༣ པའི་ཀ་ནང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་བཀའ་བློན་བྱེ་བྲག་པའམ། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གཏོང་འཐུས་ཞེས་པའི་ཆ་རྐྱེན་དེ་རང་འཇགས་གནས་ཡོད།
༨ ཛ་དྲག་དང༌། གལ་ཆེའི་དམིགས་བསལ་ཚོགས་འདུ་བསྡུ་བསྐོང༌།
འདིའི་སྐོར་བཅའ་ཁྲིམས་དོན་ཚན་ ༥༩ པའི་ནང་གསེས་ ༡ ནང་། བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་བཅས་གྲོས་བསྡུར་གྱིས་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་བྱེད་ཆོག་པའི་བསྐྱར་བཅོས་བྱས་ཐོག ནང་གསེས་ ༢ པ་དང་ ༣ པའི་ནང་ཚོགས་འདུ་སྐོང་ཕྱོགས་སྐོར་གསལ་ཡོད།
༩ དོན་གནད་གལ་ཆེ་འགའ་རེའི་སྐོར་ལ་བཅའ་ཁྲིམས་གཞིར་བཟུང་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་བྱེད་འཐུས་ཀྱི་བཀའ་ཁྱབ་བསྩལ་རྒྱུ།
ཞེས་པ་འདི་བཅའ་ཁྲིམས་དོན་ཚན་ ༥༦ ནང་། སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཡིག་གམ། དེ་མིན་མི་རིགས་ཀྱི་རྩ་དོན་དང་འབྲེལ་བའི་གལ་ཆེའི་སྲིད་བྱུས་གཏན་འབེབས་ཆེད་སྤྱི་འཐུས་ལྷན་ཚོགས་སུ་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་བའམ། བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཀྱིས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན། འོས་བསྡུ་ལས་ཁང་བརྒྱུད་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་རྩོམ་ཆོག་ཅིང༌། མང་མོས་ཇི་བྱུང་ལ་ལས་ཉིན་བཅུ་བཞིའི་ནང་ཚུད་སྤྱི་ལྷན་ཚོགས་གཙོས་མང་མོས་བྱུང་བའི་ཚད་འཛིན་དང་མིང་རྟགས་བཀོད་དེ་གསལ་བསྒྲགས་བྱ་རྒྱུ་ཞེས་བསྐྱར་བཅོས་ཟིན་བྲིས་ནང་འཁོད་ཡོད་པ་དང་།
གཞན། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བསྐོ་གཞག་བྱེད་པ་ལ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུའི་ལམ་ནས་མང་མོས་ཐོབ་དགོས་པ་དང་།
རང་དབང་ཅན་གྱི་ལས་ཁང་གསུམ་གྱི་འགན་འཛིན་བསྐོ་གཞག་བྱེད་པ་ལ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་ཐོབ་དགོས།
ཁྲིམས་ཞིབ་པ་གཞན་གཉིས་དང་། ཚོགས་གཙོ་བགྲེས་གཞོན། བཀའ་བློན་ཁྲི་པ་དང་བཀའ་བློན་རྣམ་པ། རང་དབང་ཅན་གྱི་ལས་ཁང་གསུམ་གྱི་འགན་འཛིན་རྣམ་པས་ལས་འཁུར་དམ་འབུལ་ཞུ་ཕྱོགས་ཐད། ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའ་འཇོག་དགོས་པ་དང་། ཁྲིམས་ཞིབ་ཆེ་བས་འཁྱུར་ཉེའི་ཁྲིམས་ཞིབ་པ་ཆེ་བའམ་ལས་ཚབ་ཀྱི་མདུན་དུ་དམ་འབུལ་ཞུ་དགོས་པ་བཅས་བསྐྱར་བཅོས་ཟིན་བྲིས་ནང་འཁོད་ཡོད།
བཅའ་ཁྲིམས་ཟིན་བྲིས་གཉིས་པའི་ནང་། དེང་སང་ཡོངས་གྲགས་སུ་ཡུལ་མིའི་རྒྱལ་ཁབ་ཅེས་འབོད་པའི་འགྲོ་སྟངས་དང་མཐུན་པ་ཡོང་ཆེད། མང་གཙོའི་ཀ་བ་གསུམ་གྱི་སྟེང་དུ་མི་རིགས་འགན་འཛིན་ཞིག་འདེམས་བསྐོའི་ཆ་རྐྱེན་བསྐྲུན་ཡོད་པ་དང་། དེ་ལྟའི་མི་རིགས་འགན་འཛིན་དུ་བསྐོ་གཞག་བྱེད་པ་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་དབུས་ཁྲིམས་ཞིབ་པ་རྣམ་པ་དང༌། བཀའ་བློན་ཁྲི་པའི་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་དབུས་སྤྱི་འཐུས་རྣམ་པ་བཅས་ནས་གསང་བའི་འོས་འདེམས་བྱེད་དགོས། དེ་ཡང་མི་རིགས་འགན་འཛིན་གྱི་འོས་ཆོས་སུ་རང་ལོ་ ༥༥ ཕུད། གཞན་ཕལ་ཆེ་བ་བཀའ་བློན་ཁྲི་པ་དང་བཀའ་བློན་ལྟར་ཡིན།
མི་རིགས་འགན་འཛིན་དེས་གཤམ་གསལ་འགན་དབང་ཁག་འཁུར་དགོས།
༡ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་དང༌། སྒྲིག་གཞི་ཁག་ལ་ཆོག་མཆན་དང་གསལ་བསྒྲགས།
༢ ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་དང༌། བཀའ་རྩ་ཁྱབ་བསྒྲགས།
༣ བྱས་རྗེས་གཟེངས་རྟགས་དང༌། གོ་མིང་བདག་རྐྱེན།
༤ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་འགྱངས་དང༌། བར་མཚམས་འཇོག་པ། གྲོལ་བ། བསྡུ༌བསྐོང༌བཅས་གསལ་ཡོད།
སྤྱིའི་ཆ་ནས་བཤད་ན། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིས་བྲིས་དང་པོའི་ནང་། ད་ལྟའི་དངོས་ཡོད་གནས་སྟངས་དང་དགོས་མཁོ་གཞི་ལ་བཞག་སྟེ་བསྐྱར་བཅོས་ཞུས་པ་ཞིག་ལས། རྒྱལ་ཁབ་ཀྱི་དབུ་ཁྲིད་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་ཆ་རྐྱེན་ཡོད་པའི་ཡོངས་གྲགས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ཆགས་ཐུབ་མེད།
ཟིན་བྲིས་གཉིས་པ་ལྟར་བྱས་ན། མང་ཚོགས་ཀྱིས་ཐད་ཀར་འོས་བསྡུའི་ལམ་ནས་བསྐོ་གཞག་བྱས་པའི་བཀའ་བློན་ཁྲི་པ་དེས། བཀའ་སྤྱི་གཉིས་དང་ཁྲིམས་ཞིབ་པ་རྣམ་པས་འདེམས་བསྐོ་བྱས་པའི་མི་རིགས་འགན་འཛིན་ལ་འགན་ཁུར་ཞུ་དགོས་ན། བཀའ་ལུང་ཡོང་ཁུངས་དང་དབང་ཚད་མི་མཐུན་པ་ཆགས་རྒྱུ་དང་། གལ་སྲིད་མི་རིགས་འགན་འཛིན་ཡང་ཐད་ཀར་མང་ཚོགས་ཀྱིས་འོས་འདེམས་བྱས་ཚེ། བཀའ་ལུང་ཡོང་ཁུངས་གཅིག་མཚུངས་ལ་དབང་ཚད་དོ་མི་མཉམ་པ་དང་། འཛམ་གླིང་སྤྱིའི་མང་གཙོའི་འགྲོ་སྟངས་དང་མ་མཐུན་པ་ཆགས་རྒྱུ་ཡིན་ངེས།
ད་དུང་བསམ་འཆར་སྣ་ཚོགས་ཤིག་འབྱོར་བའི་ནང་། བཀའ་བློན་ཁྲི་པའི་ཚབ་ཏུ་སྲིད་སྐྱོང་ཞེས་འབོད་དགོས་པ་དང་། དོན་ཚན་དང་པོའི་ནང་༸གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་པོ་ཞེས་པའི་ཆ་རྐྱེན་ཁ་གསལ་འཇོག་དགོས་པ། རྒྱལ་རྟགས་སྟེང་ཚོགས་ཆུང་ནས་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་རྒྱབ་གཉེར་ཞུས་པའི་ཚབ་ཏུ་གདམ་གའི་བསམ་ཚུལ་འདྲ་མིན་ཡིག་ངག་གཉིས་ནས་འབྱོར་བཞིན་པ་སོགས་ཚོགས་ཆེན་འདི་དང་གྲོས་ཚོགས་འཕར་མའི་སྟེང་བགྲོ་གླེང་མུ་མཐུད་ཡོང་གི་རེད།
ད་ཐེངས་ཉིན་གསུམ་གྱི་ཚོགས་འདུ་འདིའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་འཁོད་པའི་སྔོན་གླེང་དང་། དོན་ཚན་དང་པོའི་ཐོག་ཞལ་བཞེས་གནང་སྐྱོང་ཡོང་བའི་གསོལ་འདེབས་སྙན་ཞུ་ཞིག་གཏན་འབེབས་གནང་རྒྱུ་དང་། དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་སྤྱི་ཡོངས་ཐོག་མང་ཚོགས་ཀྱི་བསམ་ཚུལ་རྣམས་སྤུངས་ཏེ། གྲོས་ཚོགས་ཚོགས་དུས་འཕར་མའི་སྟེང་བཅའ་ཁྲིམས་བསྐྱར་བཅོས་སྐབས་སྤྱི་འཐུས་རྣམ་པའི་དགོངས་དཔྱད་ཀྱི་ཆེད་དུ་ཐུགས་ཕན་སོས་པའི་རེ་བ་ཡོད། གྲོས་ཚོགས་ནས་བཅའ་ཁྲིམས་གཏན་འབེབས་གནང་གྲུབ་བསྟུན། སྐབས་ ༡༥ པའི་སྤྱི་འཐུས་ལྷན་ཚོགས་ནས་འབྲེལ་ཆགས་སྒྲིག་གཞི་ཁག་ལ་རིམ་པས་འགྱུར་བ་གཏོང་གི་རེད།
ཚོགས་ཆེན་གྱི་ལས་རིམ་ཞིབ་ཕྲ་ཚོགས་དྲུང་ནས་སྙན་སྒྲོན་གནང་གི་རེད། དབུ་འབྱེད་མཛད་སྒོ་གྲུབ་ནས་ཚོགས་ཆུང་ཆ་བགོས་བྱེད་སྐབས། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་གཅིག་རེ་ཚོགས་ཆུང་གཉིས་ལ་བགོ་བཤའ་བརྒྱབ་ཡོད། ཟིན་བྲིས་ཚོགས་ཆུང་གི་ལས་དོན་དང་འབྲེལ་བའི་དོགས་འདྲི་རིགས་སྐབས་འཕྲལ་གང་འོས་དོགས་གཅོད་གནང་ཆོག་གི་རེད། ཚོགས་ཆུང་སོ་སོར་ཚོགས་གཙོ་གཅིག་དང་། ཚོགས་དྲུང་གཉིས་རེ་འདེམས་བསྐོ་གནང་རོགས་ཞུ་གི་ཡོད། གང་ཡིན་ཟེར་ན། ཚོགས་དྲུང་གཅིག་གིས་ཚོགས་ཆུང་སོ་སོའི་ནང་བཅའ་ཁྲིམས་ཀྱི་སྔོན་གླེང་དང་དོན་ཚན་དང་པོའི་ཐོག་ཕྱོགས་བསྡོམས་བསམ་ཚུལ་ཡིག་ཐོག་འགོད་རྒྱུ་དང་། ཚོགས་དྲུང་གཞན་དེས་བཅའ་ཁྲིམས་དོན་ཚན་སྤྱི་ཡོངས་ཐོག་བསམ་ཚུལ་ཕྱོགས་བསྡོམས་བྱེད་དགོས་པ་ཆགས་ཀྱི་རེད། ཚོགས་ཆེན་གྱི་ལས་རིམ་ནང་བརྗོད་གཞི་ཁག་གཉིས་ལ་དུས་ཚོད་རྒྱས་བཅད་བྱས་ཡོད་ཀྱང་། བརྗོད་གཞི་དང་པོ་དུས་ཚོད་རྒྱས་བཅད་སྔོན་ལ་བགྲོ་གླེང་གནང་ཟིན་པ་ཡིན་ན། དུས་ཡུན་ལྷག་མ་རྣམས་ཚོགས་ཆུང་སོ་སོའི་ཚོགས་གཙོས་བརྗོད་གཞི་གཉིས་པའི་སྒང་ལ་བཏང་ཆོག་གི་རེད།
ཚོགས་ཕེབས་གནང་མཁན་ཚང་མ་ས་ཐག་རིང་པོ་ནས་སྐུ་ངལ་འཛེམས་མེད་ཀྱིས་ཕེབས་ཡོད་པ་དང་། འགྱུར་མཚམས་རླབས་པོ་ཆེའི་གནད་དོན་ཞིག་གི་ཆེད་དུ་མང་ཚོགས་ཀྱི་དགོངས་ཚུལ་བསྣམས་ནས་ཕེབས་ཡོད་པས། ཉིན་གསུམ་གྱི་ཚོགས་འདུའི་རིང་རྣམ་དཔྱོད་རྩལ་དུ་སྤྲུགས་ནས་དགོངས་འཆར་རྣམས་ལྷུག་པོར་སྤུངས་རོགས་ཞུ་གི་ཡོད། ཚང་མ་སྐུ་ཁམས་གསལ་དྭངས་དང་། ཚོགས་འདུ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད། བཀྲ་ཤིས་བདེ་ལེགས། །

 

Menu