སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རི་དང་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས།

དུས་དབང་གོ་སྒྲིག་ཚོགས་ཆུང་དང་འབྲེལ་ཡོད་བཅས་ནས་གདན་ཞུས་ལྟར། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ ཉིན་ལྡི་ལི་ནས་གྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༤ ཉིན་ས་གནས་སུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་དང་།

ཕྱི་ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང་།

ཕྱི་ཚེས་ ༧ ཉིན་༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇཱོན་བྷོའེ་ནེར་མཆོག་ལ་མཇལ་འཕྲད་སྐབས་མཉམ་བཅར།

ཕྱི་ཚེས་ ༨ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་འགའ་ཞིག་ལ་མཇལ་འཕྲད།

ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་གི་ཨ་རིར་མི་མང་ལ་བཀའ་སློབ་སྩོལ་སྐབས་ལྷན་ཞུགས་དང་། དགོང་དྲོ་ཝ་ཤིང་ཊོན་ནས་སྦེལ་འཇམ་རྒྱལ་ས་སྦར་སིལ་དུ་ཕེབས་ཐོན་གནང་རྒྱུ།

ཕྱི་ཚེས་ ༡༠།༡༡ ཉིན་བྷེལ་འཇེམ་གྱི་རྒྱལ་ས་སྦར་སིལ་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་དྲ་བའི་(INPaT)ལས་དོན་ཚོགས་པའི་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང་།

ཚེས་ ༡༢ ཉིན་སྦར་སིལ་ནས་ཝ་ཤིང་ཊོན་དུ་ཕེབས་འབྱོར་རྗེས་ཚེས་ ༡༣ ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་ཆོས་ཞུར་བཅར་རྒྱུ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་འགའ་ཞིག་དང་མཇལ་འཕྲད། ཝ་ཤིང་ཊོན་དུ་ཡོད་པའི་ཨ་རིའི་རྒྱལ་ཁབ་དམངས་གཙོའི་ཐེབས་རྩའི་ (National Endowment for Democray) འཐུས་མིར་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༤ ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལ་བཅར་ཞུགས་དང་རྒྱལ་ཁབ་དམངས་གཙོའི་ཐེབས་རྩའི་འཐུས་མིར་མཇལ་འཕྲད།

ཕྱི་ཚེས་ ༡༥ ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལ་བཅར་ཞུགས་དང་། དེ་བཞིན་ཨ་རིའི་བོད་རིགས་སྤྱྲི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་དང་མཇལ་འཕྲད་གནང་རྒྱུ།
ཕྱི་ཚེས་ ༡༦ ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལ་བཅར་ཞུགས་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ནས་དཔལ་ལྡན་བཀའ་ཁྲི་མཆོག་ལ་གཟེངས་རྟགས་འབུལ་རྒྱུའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ།

ཕྱི་ཚེས་ ༡༧ ཉིན་ནིའུ་ཡོཀ་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུ།

ཕྱི་ཚེས་ ༡༨ ཉིན་ཨ་རི་ནས་སྦེང་ལོར་དུ་ཕེབས་ཐོན་གྱིས་ཚེས་ ༢༠ ཉིན་སྦེང་ལོར་དུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།