སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༧ ཚེས་ ༣ ནས་ཚེས་ ༢༦ བར་ཨ་རི་དང་ཡུ་རོབ། མོན་གྷོ་གཞིས་ཆགས་བཅས་སུ་གཞུང་དོན་ཕྱོགས་ཕེབས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་ཕེབས་འབྱོར་གནང་ཡོད།
འབྲེལ་ཡོད་ནས་གདན་ཞུས་ལྟར་ཚོགས་གཙོ་མཆོག་ཐེངས་འདིར་ཕྱོགས་ཕེབས་སྐབས། ཕྱི་ཟླ་ ༧ ཚེས་ ༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཝ་རའི་ཛོན་རྩེད་ཁང་ཆེན་མོའི་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༦ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་མཉམ་ཞུགས་ཞུས་ཡོད་པ་དང་།
ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོ་ཚོགས་གཙོ་མཆོག་དང་བདམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལྷན་རྒྱས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ལས་བྱེད་མཉམ་མཇལ་འཕྲད་གོ་བསྡུར་གནང་ཡོད།
དེའི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་བཅར་གྱིས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཇཱོན་ བྷའི་ནེར་མཆོག་དང་། ཚོགས་གཙོ་ཟུར་པ་ལྕམ་ནན་སེ་ པེ་ལོ་སེ་མཆོག གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་ཨེ་ལི་ན་ ལ་ཏི་ནན། ཁྲིམས་སྲིད་ཚོགས་ཆུང་གི་ཚོགས་གཞོན་ཧ་ཝརཌ་ བྷེར་མན། ཚོང་འབྲེལ་དང་ཁྲིམས་འཛིན། ཚན་རིག་ཚོགས་ཆུང་གི་ཚོགས་གཙོ་ཧྥ་རནཀ་ ཝོལྥ། ཨ་ཧྥེ་རི་ཀ་དང་འཛམ་གླིང་འཕྲོད་བསྟེན་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ཁརི་སི་ སི་མིཐ། རྒྱལ་ཁབ་དང་ཕྱི་རྒྱལ་ལས་དོན་ཚོགས་ཆུང་གི་མཐོ་རིམ་ཚོགས་མི་ནི་ཏ་ལོ་ཝེ་སོགས་ལ་མཇལ་འཕྲད་གནང་ཡོད།
ཕྱི་ཚེས་ ༨ ཉིན་རང་དབང་གི་རྩོམ་པ་པོ་ཨེ་ལེན་བྷོཀ་དང་བཙན་བྱོལ་བོད་མིའི་མང་གཙོའི་སཀaོར་ལ་ཉམས་ཞིབ་པ་མེ་ལི་ས་ མེ་ཐི་ས་གཉིས་སོ་སོ་ནས་བཅར་འདྲི་ཞུས་པར་བཀའ་ལན་བསྩལ་གྲུབ་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཉམས་ཞིབ་ཚོགས་ཆུང་གི་ཚོགས་མི་དང་ལས་བྱེད་ལྷན་མཇལ་འཕྲད་བྱས།
ཕྱི་ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་གྲོས་ཚོགས་ཀྱི་ནུབ་ཕྱོགས་ཚོགས་ཁང་ཆེན་མོའི་ཐང་ཆེན་སྟེང་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ཡུལ་མི་ཁྲི་ཕྲག་བརྒལ་བར་འཛམ་གླིང་ཞི་བདེའི་སྐོར་ལམ་སྟོན་བཀའ་སློབ་བསྩལ་སྐབས་ལྷན་བཅར་ཞུས་པ་དང་། ཕྱི་དྲོ་བྷེལ་ཇེམ་དུ་ཕེབས་ཐོན་གནང་།
ཚེས་ ༡༡ ཉིན་གྱི་སྔ་དྲོ་ཧོ་ལན་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གསར་འགོད་པ་ལིའུ་ཝེས་བཅར་འདྲིར་བཀའ་ལན་གནང་བ་དང་། ཕྱི་དྲོ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་མི་ལྷན་ཚོགས་འདུ་བསྐྱངས།
ཕྱི་ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཇཱོན་ ཁེ་རེ་མཆོག་དང་། ཚོགས་མི་གཞན་དགུ་ལ་མཇལ་འཕྲད་གནང་སྐབས་ལྷན་བཅར་ཞུས་པ་དང་། དགོང་མོར། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བདམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལྷན་དུ་ཧིལ་ཊོན་མགྲོན་ཁང་དུ་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་།
ཚེས་ ༡༤ ཉིན་ཨ་རིའི་དམངས་གཙོའི་ཐེབས་རྩ་ཁང་གིས་གོ་སྒྲིག་འོག་ལས་ཐོག་དང་བདམས་ཐོན་བཀའ་ཁྲི་ལྷན་མི་སྣ་སྐོར་ཞིག་ལ་གསུང་བཤད་གནང་།
ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་ཆོས་འབྲེལ་ལེགས་པར་གྲུབ་རྗེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྨིན་སྩོལ་དང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ལྷན་བཅར་ཞུས་ཤིང་། ཕྱི་དྲོར་སྐད་གྲགས་ཅན་གྱི་བྷ་རཽ་ཁལིན་ཉམས་ཞིབ་ཁང་ Brooklyn Institute ནས་གོ་སྒྲིག་འོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་མི་སྣ་དང་། རྒྱ་རིགས་ལོ་རྒྱུས་མཁས་པ། ཆབ་སྲིད་ཚན་རིག་པ། རྩོད་རྙོག་འདུམ་འགྲིག་པ་སོགས་གནད་ཡོད་སྐོར་ཞིག་ལ་བཀའ་སློབ་དང་འབྲེལ་བགྲོ་གླེང་མཛད་སྐབས་ལྷན་བཅར་ཞུས།
ཚེས་ ༡༧ ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་ནིའུ་ཡོག་ཏུ་བོད་རིགས་ཚོགས་པ་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ལས་སྣེ་ཚོར་བར་ལམ་གྱི་འགྱུར་རླབས་སྐོར་སོགས་ངོ་སྤྲོད་གསུང་བཤད་གནང་།
ཚེས་ ༡༨ ཉིན་ཡུ་རོབ་དང་ཨ་རིའི་མཛད་རིམ་ཁག་ལེགས་པར་གྲུབ་སྟེ། ནེའུ་ཡོཀ་ནས་ཕེབས་ཐོན་གྱིས་ཚེས་ ༢༠ ཉིན་སྦེང་ལོར་དུ་ཕེབས་འབྱོར་གནང་བ་དང་།
ཕྱི་ཚེེས་ ༢༡ ནས་ ༢༢ བར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་དང་། མན་སྤར་དང་བྷན་རྡ་ར་གཞིས་ཆགས་བཅས་ནས་ས་འཐུས་དང་རང་བདེན་ཚོགས་ཆུང་གི་ཚོགས་མི་སོགས་ཁྱོན་མི་གྲངས་ ༦༠ ཙམ་ལ་ཟབ་སྦྱོང་གོ་སྒྲིག་ཞུས་པར་ཆེད་ཕེབས་ཀྱིས། ཚོགས་བཅར་བ་ཚོར་ས་འཐུས་ཀྱི་ལས་དོན་བྱེད་ཕྱོགས་དང་འགན་དབང་སོགས་བྱེད་སྒོའི་སྐོར་ལ་ལམ་སྟོན་གནང་བ་དང་། དེ་བཞིན་མང་ཚོགས་ལ་བར་ལམ་གྱི་འགྱུར་རླབས་སྐོར་ངོ་སྤྲོད་གསལ་བཤད་གནང་སྟེ། ཕྱི་ཚེས་ ༢༦ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གནང་ཡོད། །