སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སུད་སི་ཁུལ་དུ་གཞུང་དོན་ཕྱོགས་བསྐྱོད་གནང་སྟེ་བཞུགས་སྒར་དུ་ཕྱིར་ཕེབས།

སྤྱི་འཐུས་ཚོགས་གཙོ་མཆོག་ཕྱི་ཚེས་ ༡༢ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་སྟེ་ཚེས་ ༡༣༌༌༌༡༩ བར་སྤྱི་འཐུས་ལྷན་ཁང་གིས་སྣེ་འཁྲིད་པའི་བོད་ནང་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་སླད་ལྡི་ལིར་རྟེན་གཞི་བྱེས་པའི་གཞུང་ཚབ་ཁག་ཅིག་དང་། རྒྱ་གར་གནས་ཡོད་མི་སྣར་མཇལ་འཕྲད་ཞུ་རྒྱུས་མཚོན་སྤྱི་འཐུས་རྣམ་པའི་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་དང་། མི་མང་གི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་དང་།

ཚེས་ ༢༠ སྔ་དྲོ་ཆུ་ཚོད་ ༡།༡༥ ཐོག་ལྡི་ལི་ནས་ཐོན་ཏེ་དེ་ཉིན་ཆུ་ཚོད་ ༦།༣༠ ཐོག་ཛུ་རིག་གནམ་ཐང་དུ་འབྱོར། དེ་ཉིན་དགོང་དྲོ་ཆུ་ཚོད་ ༦༌༌༌༩ བར་སུད་སི་དང་ལེཀ་ཊེན་སྤྲཡན་ས་འཐུས་རྒྱུན་ལས་རྣམ་པ་ལྷན་དུ་སྤྱི་པའི་ལས་དོན་བྱེད་ཕྱོགས་ཐད་གོ་བསྡུར་དང་དགོས་ངེས་ལམ་སྟོན་གནང་ཡོད་པ་དང་། དེ་མཚུངས་ཚེས་ ༢༢ ཉིན་མི་མང་ཚོགས་འདུ་དང་། ཚེས་ ༢༣ ཉིན་མི་མང་ལས་འགུལ་གྱི་ལས་རིམ་དང་འབྲེལ་བའི་གོ་བསྡུར་གནང་།

ཚེས་ ༢༡ དགོང་དྲོ་ཆུ་ཚོད་ ༧།༣༠ ནས་ ༩།༣༠ བར་སུད་བོད་མཛའ་འབྲེལ་ཚོགས་པའི་མགྲོན་འབོད་གོ་སྒྲིག་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་གནང་རྗེས་གོ་སྐབས་དང་གདོང་ལེན་ཞེས་པའི་བགྲོ་གླེང་ནང་མཉམ་ཞུགས་གནང་།

ཚེས་ ༢༢ ཉིན་རྒྱབ་ཆུ་ཚོད་ ༣།༠༠༌༌༌༥།༠༠ བར་ཡུ་རོབ་གཞོན་ནུ་གྲངས་ ༢༥ སྐོར་ཞིག་ལྷན་དུ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ལས་འགན་དང་ལས་དོན་བྱེད་ཕྱོགས། ས་གནས་སུ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་ནུས་པ་བརྟན་པོའི་ཐོག་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་སྐོར་བགྲོ་གླེང་གོ་བསྡུར་གནང་བ་དང་། དགོང་དྲོ་ཆུ་ཚོད་ ༥།༣༠༌༌༌༩།༠༠ བར་སུད་སི་དང་ལེཀ་ཊན་སྤྲཡན་བོད་རིགས་མི་མང་ ༣༠༠ ཙམ་ལ་བར་ལམ་ལོ་རྒྱུས་རང་བཞིན་ལྡན་པའི་འགྱུར་བ་ཅི་ཕྱིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གནད་དོན་ཁག་ཅིག་སྐོར་བཅས་ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

ཚེས་ ༢༣ སྔ་དྲོ་ཛུ་རིག་ནས་སྣུམ་འཁོར་ནང་འཇི་ནི་ཝར་ཆེད་ཕེབས་ཀྱིས་། མི་མང་ ༡༠༠༠ ཡས་མས་ཙམ་འཛོམས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐོང་གི་ལས་ཁུངས་ཨ་མའི་མདུན་དང་ལས་ཁུངས་ཨ་མའི་མདུན་དུ་འཚེ་མེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་དང་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། གསུང་བཤད་ཀྱང་གནང་ཡོད།

ཚེས་ ༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་སྡེ་རང་དབང་དམིགས་བསལ་འབྲེལ་མཐུད་པའི་ལས་བྱེད་རྒན་པ་ཞིག་དང་འགྲོ་བ་མིའི་ཐོབ་ཐང་ཨེ་ཤི་ཡ་སྡེ་ཚན་གྱི་འགན་འཁུར་བ་རོ་རི་དང་ལོ་རེ་གཉིས་ལྷན་དུ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དོན་གཅོད་ལས་ཁང་ནས་གནས་ཚུལ་གསར་འདོན་ཞུས་ཡོད་ཁག་སྣོན་འཕྲི་དང་བཅས་བོད་མིའི་སྒྲིག་འཛུགས་ཀྱི་དགོས་འདུན་ཁག་ཡིག་ངག་གཉིས་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལག་བསྟར་དགོས་མཁོར་ཞུ་སྐུལ་གནང་བ་དང་། འབྲེལ་ཡོད་ལྷན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པའི་ལས་རིམ་སྐོར་གོ་བསྡུར་གནང་།

ཚེས་ ༢༦ ཉིན་ཛུ་རིག་ནས་ཐོན་ཏེ་དེ་ཉིན་ལྡི་ལིར་ཕེབས་འབྱོར་བྱུང་བ་དང་།

ཚེས་ ༢༧ ཉིན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་དང་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་ལགས། དཔལ་ལྡན་བཀའ་ཁྲི་བཅས་སོ་སོར་གོ་བསྡུར་ཞུ་དགོས་ཁག་ཞུས་ཏེ་ལྡི་ལི་ནས་སྣུམ་འཁོར་ནང་ཕེབས་ཐོན་གྱིས་ཚེས་ ༢༨ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད།