སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཞུང་དོན་ཕྱོགས་བསྐྱོད་ནས་ཕྱིར་ཕེབས།

དབྱི་ཊ་ལིའི་སྲིད་དོན་ཚོགས་པ་མང་གཙོ་མཉམ་འབྲེལ་ Alliance of Democrats ནས་གདན་ཞུས་ལྟར་སྤྱི་འཐུས་ཚོགས་གཙོ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༧ ནས་ཚེས་ ༡༤ བར་དབྱི་ཊ་ལིར་གཞུང་དོན་ཕྱོགས་སྐྱོད་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་གཞུང་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༩ ཉིན་ཚོགས་གཙོ་མཆོག་ Munich བརྒྱུད་རོམ་དུ་ཕྱི་དྲོ་ཚོུད་ ༧།༣༠ ཙམ་དུ་འབྱོར་ཡོད་པ་དང་། དེའི་དགོང་མོ་ཚོུད་ ༨།༠༠ ཐོག་དབྱི་ཊ་ལིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཀྱི་ཟུང་འབྲེལ་ཚོགས་གཙོ་ Matteo Mecacci མཆོག་གི་ལྷན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པ་ཚོགས་སྐོང་གནང་ཕྱོགས་སྐོར་དང་། ཟླ་རྗེས་མའི་ Radical ཆབ་སྲིད་ཚོགས་པའི་ཚོགས་ཆེན་ཐེངས་ ༣༩ པ་དང་འབྲེལ་བའི་གནད་དོན་དང་། དབྱི་ཊ་ལིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྷན་དུ་ཚོགས་འདུ་འཚོགས་ཕྱོགས་སྐོར་སོགས་གྲོས་བསྡུར་གནང་ཡོད།

ཕྱི་ཚེས་ ༡༠ ཉིན་རྒྱབ་ Lazio མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ Isabelle མཆོག་དང་ Lazio མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Rocco མཆོག་ལ་མཇལ་འཕྲད་གནང་སྟེ། དབྱི་ཊ་ལི་ནང་མངའ་སྡེ་ཇི་ཡོད་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་ཕྱོགས་སྐོར་དང་། གསུམ་བཅུའི་དུས་དྲན་སྐབས་མངའ་སྡེ་གྲོས་ཚོགས་ཚང་མའི་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུའི་ལས་འཆར་སྐོར་གྲོས་བསྡུར་གནང་ཞིང་། ཁོང་རྣམ་པས་དབྱི་ཊ་ལིའི་རྒྱལ་ས་རོམ་དུ་འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་ཀྱི་ལས་འགུལ་ཐོག་དཔལ་འབྱོར་དང་མིའི་མཐུན་འགྱུར་སྦྱར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། རྡ་རམ་ས་ལར་གཟིགས་སྐོར་དུ་ཕེབས་རྒྱུའི་སྐོར་ཡང་གྲོས་བསྡུར་གནང་འདུག ཉིན་དེའི་དགོང་མོར་ Radical ཆབ་སྲིད་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Marco Pannella མཆོག་དང་མཇལ་འཕྲད་གནང།

ཕྱི་ཚེས་ ༡༡ ཉིན་མང་གཙོའི་མ་འོངས་འཕེལ་རྒྱས་དང་ནུས་ཤུགས། སྲུང་སྐྱོབ་ཅེས་པའི་བརྗོད་གཞིའི་འོག་མང་གཙོ་དང་འཛུགས་སྐྲུན་ཡར་རྒྱས་མཉམ་འཕེལ་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གནང་སྟེ་གསུང་བཤད་གནང་ཡོད། ཚོགས་འདུ་དེའི་ནང་དབྱི་ཊ་ལི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་། ཕྱི་སྲིད་བློན་ཆེན་མཆོག་གིས་གཙོས་ད་ལྟ་འགྱུར་བ་འགྲོ་བཞིན་པའི་ཨ་རབ་ཀྱི་རྒྱལ་ཁབ་ཊུ་ནི་ཤི་ཡ་ Tunisia དང་ལི་བྷི་ཡ་ Libya, ཨེ་ཇེབ་ Egypt, སེ་རི་ཡ་ Syria དང་དབྱི་རག་ Iraq སོགས་རྒྱལ་ཁབ་སོ་སོའི་གནད་ཡོད་མི་སྣ་རྣམ་པ་དང་། ཨ་རིར་རྟེན་གཞི་བྱས་པའི་མང་གཙོ་འཕེལ་རིམ་ལ་རྒྱབ་སྐྱོར་གནང་མཁན་སྒྲིག་འཛུགས་གཙོ་བོ་ NED, NDI, Freedom House, The Policy Progressive Institute, UNDEF སོགས་ཀྱི་འགོ་འཛིན་དང་སྐུ་ཚབ་རྣམ་པ་དང་། ཕྱི་སྡོད་རྒྱ་རིགས་མང་ཚོགས་ཀྱི་འགོ་ཁྲིད་ཚའེ་ལིང་ Chai ling དང་ཝུའུ་ཨེར་ཁའེ་ཤི་ Wuer Kai Xi སོགས་དང་། དེ་བཞིན་ཡུཀ་རེན་ Ukraine དང་ཀམ་བྷོ་ཌི་ཡ་ Cambodia, བྷེ་ལ་རུ་སི་ Belarus, ཤྲི་ལངྐ་ Sri Lanka, དབྱི་ཊ་ལི་ Italy དང་ཡུ་རོབ་ Europe གྲོས་ཚོགས་ཀྱི་འཐུས་མི་གང་ཙམ་ཞིག་མཉམ་ཞུགས་གནང་འདུག ཐེངས་འདིའི་ཚོགས་ཆེན་བརྒྱུད་ཚོགས་གཙོ་མཆོག་གིས་ཚོགས་ཞུགས་པ་མང་པོའི་ལྷན་འབྲེལ་བ་གང་ཟབ་གནང་འདུག་པ་དང་། ཉིན་དེའི་མཚན་མོར་ཚོགས་གཙོ་མཆོག་གིས་དབྱི་ཊ་ལིར་གནས་སྡོད་བོད་རིགས་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལྷན་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་དང་། དྲི་བ་དྲིས་ལན་གྱི་ལས་རིམ་ནང་མཉམ་ཞུགས་གནང་འདུག

ཕྱི་ཚེས་ ༡༢ སྔ་དྲོར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབྱི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང་། ཚོགས་ཆེན་འདིའི་འབྲེལ་མཐུད་པ་གཙོ་བོ་ Gianni Vernetti མཆོག་དང་ Ugo Papi གཉིས་ལྷན་དུ་མ་འོངས་བྱེད་འཆར་སྐོར་གྲོས་བསྡུར་གནང་འདུག་པ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༣ པའི་ནང་དབྱི་ཊ་ལིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཁག་ཅིག་རྡ་སར་ཕེབས་རྒྱུའི་ལས་རིམ་སྐོར་གྲོས་བསྡུར་གནང་འདུག་པ་བཅས་ཐེངས་འདིའི་མཛད་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་རེད།།

Menu