སྤྱི་འཐུས་ཚོགས་གཙོ་མཆོག་ཐེངས་འདིར་ཡུ་རོབ་ས་ཁག་བཞིའི་ནང་གཞུང་དོན་ཕྱོགས་ཕེབས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་ཟླ་ ༡༢ ཚེས་ ༡༦ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད།
དེ་ཡང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་ཞུས་པའི་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ནང་ཁུལ་ཐབས་བྱུས་ཚོགས་འདུ་ཟླ་ ༡༡ ཚེས་ ༡༧༌༌༌༢༢ བར་ལྡི་ལིར་བསྐྱངས་པའི་མཛད་རིམ་གྲུབ་བསྟུན། ཕྱི་ཚེས་ ༢༣ ཉིན་ཐོ་རངས་ཚོགས་གཙོ་མཆོག་ལྡི་ལི་ནས་ཕེབས་ཐོན་གནང་སྟེ། དེ་ཉིན་ཝིཡེ་ནར་འབྱོར་འཕྲལ་བོད་རིགས་ཚོགས་པའི་རྒྱུན་ལས་དང་། ཚེ་བརྟན་ལགས་མཉམ་ལྷན་འཛོམས་ཐོག་ཉིན་གསུམ་གྱི་ལས་འཆར་ཐོག་གོ་བསྡུར་གནང་། ཉིན་རྒྱབ་ཨོ་སི་ཀྲོ་རི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་མཉམ་མཇལ་འཕྲད་ཀྱིས་བོད་དོན་སྐོར་འགྲེལ་བརྗོད་དང་བགྲོ་གླེང་གནང་།
ཚེས་ ༢༤ ཉིན་ཨོ་སི་ཀྲི་རི་ཡ་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་དང་། ཨེ་ཤ་ཡའི་སྡེ་ཚན་གྱི་འགན་འཛིན་དང་ལས་བྱེད་མཉམ་མཇལ་འཕྲད་དང་། ཉིན་རྒྱབ་བརྙན་འཕྲིན་ལས་ཁུངས་ ORF གཙོ་གྱུར་གསར་ཤོག་ཁག་ཅིག་གི་གསར་འགོད་ལྷན་ཚོགས་ཐོག་བོད་དོན་སྐོར་འགྲེལ་བརྗོད་གནང་།
ཚེས་ ༢༥ ཉིན་ DIE PRESSE གསར་ཤོག་གི་གསར་འགོད་པའི་དྲི་བར་ལན་འདེབས་གནང་།
ཚེས་ ༢༦ ཉིན་ཝིཡེ་ན་ནས་སྦར་སིལ་བརྒྱུད་ཨེམ་སི་ཊེར་ཌམ་དུ་ཐོན། དེའི་དགོང་དྲོ་བོད་རིགས་མི་མང་ལྷན་དུ་ཚོགས་འདུ་བསྐྱངས་ཏེ་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གནང་།
ཚེས་ ༢༧ ཉིན་ཨེམ་སི་ཊེར་ཌམ་ནས་ཐོན། དགོང་དྲོ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་ལྷན་རྒྱས་བྷེལ་ཇེམ་ཨནཊ་ཝེར་པེན་གྲོང་ཁྱེར་དུ་མི་མང་ ༨༠༠ ཙམ་ལ་བོད་དོན་ཐོག་གཏམ་བཤད་བྱས་པ་དང་། དྲི་བ་ཁག་ལ་ལན་འདེབས་གནང་།
ཚེས་ ༢༨ སྦར་སིལ་དུ་ཕེབས་ཐོན་གྱིས་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚེ་རིང་བྱམས་པ་ལགས་ལྷན་ཚོགས་འདུ་ཚོགས། དེའི་དགོང་དྲོ་ཚོུད་ ༤།༠༠ ནས་ ༨།༠༠ བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པའི་སྐོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་འབྲེལ་མཐུད་ཁང་གི་ཟུང་འབྲེལ་འགན་ཁུར་པ་སྐུ་ཞབས་ Matteo Mecacci མཆོག་དང་། སྐུ་ཞབས་ Thomas Mann ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Senator Di Nino མཆོག་དང་། དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག བཀུར་འོས་ཡུ་རོབ་སྤྱི་འཐུས་རྣམ་པ་གཉིས་དང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་འགན་འཛིན་ཚེ་རིང་བྱམས་པ་ལགས་དང་ངག་དབང་ཆོས་འཕེལ་ལགས་རྣམ་གཉིས་དང་། ལས་བྱེད་ལྷན་དུ་ཚོགས་འདུ་ཚོགས།
ཚེས་ ༢༩ ཉིན་གང་ཡུ་རོབ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་དང་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཐུན་འགྱུར་འོག་གྲོས་མོལ་དང་རང་སྐྱོང་ཞེས་པའི་བརྗོད་གཞིའི་ཐོག་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་དང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས། ཚོགས་གཙོ་བཅས་ནས་རིམ་པ་བཞིན་ལས་རིམ་ནང་མཉམ་ཞུགས་ཀྱིས་གཏམ་བཤད་གནང་བ་དང་། ཚོགས་འདུའི་སྐབས་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཚོགས་གཞོན་དང་ཚོགས་མི་ཁག་ཅིག་ལྷན་དུ་ཟུར་མཇལ་བསྐྱངས།
ཚེས་ ༣༠ ཉིན་རྒྱབ་ལི་ཐུ་ནི་ཡ་ Lithuania ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་ཨན་ཌརི་ཀི་ནེ་ Laima Liucija Andrikiene མཆོག་དང་ལྷན་དུ་མཇལ་འཕྲད་དང་གོ་བསྡུར་གནང་།
ཟླ་ ༡༢ ཚེས་ ༡ ཉིན་སྦར་སིལ་ནས་ཝི་ཡ་ནར་ཕེབས་ཐོན་མཛད།
ཚེས་ ༢ ཉིན་ཨོ་སི་ཀྲི་རི་ཡའི་བོད་རིགས་ཚོགས་པའི་འཐུས་མིའི་ལས་དོན་བྱེད་ཕྱོགས་སྐོར་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སུད་སི་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ལྷན་འཛོམས་ཀྱིས་གོ་བསྡུར་ཞིབ་རྒྱས་གནང་འདུག་པ་དང་། དགོང་དྲོ་ཨོ་སི་ཀྲི་རི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་དང་སྟབས་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ ༢༠༠ ལྷག་ཙམ་ཞིག་འགྲེམས་སྟོན་གོ་སྒྲིག་ཞུས་པའི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་དང་གསུང་བཤད་གནང་འདུག
ཚེས་ ༣ ཉིན་སླར་ཡང་ཨོ་སི་ཀྲི་རི་ཡ་བོད་རིགས་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གོ་བསྡུར་གནང་རྗེས་ཨོ་སི་ཀྲོ་རི་ཡའི་བོད་རིགས་མི་མང་ལ་གཏམ་བཤད་དང་དྲི་བ་དྲིས་ལན་མཛད། དེ་སྐབས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སུད་སི་དོན་གཅོད་མཉམ་ཞུགས་ཀྱིས་གསུང་བཤད་གནང་།
ཚེས་ ༤ ཉིན་ཝི་ཡ་ན་ནས་ཝེ་རོ་ན་བརྒྱུད་བྷ་རེ་ཤི་ཡར་ Brescia ཐོན། དགོང་དྲོར་བོད་ཁང་ཐེབས་རྩ་ Tibet House Foundation ནས་བོད་ཕྲུག་ཁྱིམ་སྡེའི་སླད་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ཞིག་བརྩམས་ཡོད་པ་དེར་གཟིགས་བསྐོར་དང་གསུང་བཤད་གནང་བ་དང་། སྐབས་དེར་ཨི་ཊ་ལིའི་བོད་རིགས་ཚོགས་པའི་ཚོགས་གཙོའང་མཉམ་ཞུགས་བྱས་ཡོད། དེའི་དགོང་མོར་ཉིན་རེའི་གསར་ཤོག་ཁག་གཉིས་ཀྱི་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་།
ཚེས་ ༥ ཉིན་སྔ་དྲོར་ IL corriere དགོང་དྲོའི་གརར་ཤོག་དང་། དྲ་རྒྱའི་གསར་ཁང་གི་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་བ་དང་། ཉིན་རྒྱབ་བྷ་རེ་ཤི་ཡ་ Brescia ནས་བྷོལ་ཟ་ནོར་ Bolzano ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མ་ཐག་ Dolmiti ཉིན་རེའི་གསར་ཤོག་གི་གསར་འགོད་པར་བོད་ཀྱི་ཛ་དྲག་གི་གནད་དོན་འགྲེལ་བརྗོད་དང་། དེའི་རྗེས་སུ་དེ་ཁུལ་གྱི་བོད་རིགས་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་མཉམ་དུ་གསོལ་ཚིགས་ལྷན་འཛོམས་གནང་།
ཚེས་ ༦ ཉིན་སྔ་དྲོ་ཚོུད་ ༨།༠༠ ནས་ཕྱི་དྲོ་ཚོུད་ ༣།༣༠ བར་བྷོལ་ཟ་ནོའི་ Bolzano སྲིད་འཛིན་ལྡྲུན་ཝལ་ཌེར་ Luis Durnwalder དང་གྲོས་ཚོགས་ཀྱི་ཚོགས་གཙོ་མི་ནི་ཏི་ Mauro Miniti དང་ཚོགས་གཙོ་ཟུར་པ་ཝེ་རོ་ནི་ཀ་ Veronica མཆོག ཡུ་རག་ཞིབ་འཇུག་ཁང་གི་ Eurac Academy ཚོགས་གཙོ་སི་ཊཕ་ལེ་སེར་ Dr. Stuflesser དང་འགན་འཛིན་ཨོཊ་ནེར་ Dr. Ortner ། དེ་བཞིན་སློབ་དཔོན་དང་ཉམས་ཞིབ་པ། སློབ་ཕྲུག་བཅས་དང་ལྷན་དུ་བོད་དོན་དང་ཨེ་ཤི་ཡའི་ཆབ་སྲིད་སྐོར་གོ་བསྡུར་དང་དྲི་བ་ཁག་ལ་ལན་འདེབས་གནང་། ལྷག་པར་དུ་སྲིད་འཛིན་ལྡྲུན་ཝལ་ཌེར་མཇལ་པའི་སྐབས་རྒྱ་གར་དུ་བཙན་བྱོལ་བོད་མིའི་ས་གནས་འཐུས་མི་ཚོགས་ཁང་གི་ལས་གཞི་འགྲོ་བཞིན་པའི་སྐོར་དང་། མ་འོངས་ལས་འཆར་སྐོར་གོ་བསྡུར་གནང་ཡོད་པ་དང་། བྷོལ་ཟ་ནོར་Bolzano ལས་རིམ་ཆ་ཚང་ཀོ་ལོ་ཉི་ཡ་་ Guenther Cologna ལགས་ནས་གོ་སྒྲིག་འདུག ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་རའེ་རྒྱལ་ཡོངས་རླུང་འཕྲིན་ཁང་ Rai national public Radio གི་གསར་འགོད་པའི་བཅར་འདྲིར་ལན་འདེབས་དང་། དེའི་རྗེས་བྷོལ་ཟ་ནོ་ Bolzano ནས་ཊརེན་ཊོ་ Trento ལ་ཐོན་ཏེ་ཊརེན་ཊོར་ Trento དགོང་དྲོ་ཚོུད་ ༦།༠༠ ཐོག་བོད་རིགས་དང་ས་གནས་མི་མང་། གསར་འགོད་པ་བཅས་ལ་གཏམ་བཤད་གནང་རྗེས་བོད་རིགས་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་ལྷན་དུ་གསོལ་ཚིགས་ལྷན་འཛོམས་གནང་།
ཚེས་ ༧ ཉིན་སྔ་དྲོ་ཚོུད་ ༨།༠༠ ནས་ ༣།༠༠ བར་ཊརེན་ཊོ་ Trento ཡི་སྲིད་འཛིན་ཌེལ་ལའེ་ Lorenzo Dellai མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ཌོ་རི་ག་ཏི་ Dorigati ། གྲོང་ཁྱེར་གྲོས་ཚོགས་ཀྱི་ཚོགས་གཙོ་པེ་གོ་རེ་ཏི་ Pegoretti ། ལས་འཆར་འགན་འཛིན། ཊརེན་ཊི་ནོ་ Trentino TV བརྙན་འཕྲིན་ཁང་དང་། ཨའེར་ཊེ་ཊེ་ཨའེར་ RTTR TVབརྙན་འཕྲིན་ཁང་། དེ་བཞིན་ཊརེན་ཊི་ནོ་ Trentino news གསར་ཁང་དང་། ཡུ་ནི་མོ་ནོ་ Unimono གསར་ཁང་བཅས་ཀྱི་གསར་འགོད་པར་བོད་དོན་འགྲེལ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་བ་དང་། ལྷག་པར་དུ་སྲིད་འཛིན་ཌེལ་ལའེ་ Dellai མཆོག་ལ་གོ་བསྡུར་ཞུས་པའི་སྐབས་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱང་བཅོས་འཕྲོད་བསྟེན་ལས་གཞིའི་ཆེད་ཡུ་སྒོར་ ༧༤,༠༠༠།༠༠ ཙམ་ལོ་རྗེས་མར་གནང་རྒྱུའི་ཞལ་བཞེས་ཐོབ། དེའི་དགོང་མོར་ཝེ་རོ་ན་བརྒྱུད་རོམ་དུ་ཕེབས་ཐོན་གནང་།
ཚེས་ ༨ ཉིན་རྒྱབ་ར་ཌེ་ཀལ་ཚོགས་པའི་ Nonviolent Radical Party ཚོགས་ཆེན་ཐེངས་ ༣༩ པའི་ཚོགས་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་ཀྱིས་གསུང་བཤད་གནང་།
ཚེས་ ༩ ཉིན་རྒྱལ་ཁབ་ཁག་བརྒྱད་ནས་ཡོང་བའི་གྲོས་ཚོགས་འཐུས་མི་ལྷན་ཟུར་མཇལ་དང་། དེའི་དགོང་མོ་རོམ་དུ་གནས་སྡོད་བོད་མི་ཁག་ཅིག་ལ་བོད་དོན་སྐོར་འགྲེལ་བཤད་དང་གསོལ་ཚིགས་ལྷན་རྒྱས་གནང་།
ཚེས་ ༡༠ སྔ་དྲོ་རོམ་ནས་མི་ལན་དུ་ཐོན་ཏེ། ཨི་ཊ་ལི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་ཞུས་པའི་ཁྲོམ་སྐོར་སྐད་འབོད་ནང་མཉམ་ཞུགས་ཀྱིས་གསུང་བཤད་གནང་བ་དང་། དེའི་རྗེས་ཨི་ཊ་ལི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་བཅོ་ལྔ་ཙམ་ལྷན་དུ་མཇལ་མོལ་མཛད།
ཚེས་ ༡༡ ཉིན་གུང་མི་ལན་གྲོང་ཁྱེར་སྐྱེལ་འདྲེན་བློན་ཆེན་གྱིས་གོ་སྒྲིག་ཞུས་ཏེ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ད་པའེ་ Bruno Dapei མཇལ་འཕྲད་དང་གོ་བསྡུར་གནང་། ཉིན་རྒྱབ་ཚོུད་ ༢།༠༠ ནས་བཟུང་མི་ལན་དགེ་འཕེལ་གླིང་ཆོས་ཚོགས་སུ་ཨི་ཊ་ལིའི་བོད་རིགས་ཚོགས་པའི་གོ་སྒྲིག་ཞུས་པའི་ས་ཁུལ་གྱི་བོད་རིགས་ཁག་ཅིག་ལ་བོད་དོན་འགྲེལ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།
ཚེས་ ༡༢ ཉིན་མི་ལན་ནས་རོམ་དུ་ཐོན་ཏེ་རྒྱ་གར་གཞུང་ཚབ་ཀྱི་དྲུང་ཆེ་ཌེ་པཀ་དང་མཇལ་འཕྲད་གནང་།
ཚེས་ ༡༣ སྔ་དྲོ་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་ཨམ་བྷརོ་སི་ནི་ Mario Ambrosini མཆོག་གི་ལྷན་དུ་ལྷོ་ཨ་ཕི་རི་ཀའི་ནང་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་སྐོར་གོ་བསྡུར་གནང་བ་དང་། དེའི་རྗེས་ཨི་ཊ་ལི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཁ་ཆི་ Matteo Mecacci མཆོག་གི་གོ་སྒྲིག་འོག་ཨི་ཊ་ལི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་ལ་བོད་དོན་དང་འབྲེལ་བའི་སྐོར་འགྲེལ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་། ཉིན་རྒྱབ་རང་དབང་ཐེབས་རྩ་ཁང་གི་ Liberty Foundation གོ་སྒྲིག་འོག་ད་ལྟའི་བོད་ནང་དུ་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་ཛ་དྲག་གནས་སྟངས་བརྙན་འཕྲིན་གཟིགས་འབུལ་དང་ཆབས་ཅིག་ཆབ་སྲིད་ཚོགས་པ་ཁག་ལྔའི་འགོ་ཁྲིད་རྣམས་ཀྱིས་གཏམ་བཤད་དང་། ཚོགས་གཙོས་ཀྱང་གསུང་བཤད་ནང་མཉམ་ཞུགས་ཞུས། དེ་གྲུབ་མ་ཐག་རོམ་ནས་ཝི་ཡ་ནར་ཕེབས་ཐོན་གནང་། མཚན་མོར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཇལ་འཕྲད་དང་སྦྲགས་གསོལ་ཚིགས་ལྷན་རྒྱས་གནང་ཡོད་པ་བཅས།།