སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པར་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༦ ནས་ཟླ་ ༥ ཚེས་ ༥ བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝའི་ནང་ཚོགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་གྲ་སྒྲིག་གནང་སྒོ་དང། ཚོགས་འདུ་དངོས་གཞིར་ཞུགས་གནང་ལེགས་གྲུབ་ཀྱིས་འདི་ཚེས་ ༥ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་ཡོད་པ་རེད།

 

སྤྱི་འཐུས་ཚོགས་གཙོ་མཆོག་ཚེས་ ༡༧ ཉིན་ལྡི་ལི་ནས་ཕེབས་ཐོན་གྱིས་ཨོ་ཊ་ཝར་ཚོགས་ཆེན་གྱི་གོ་སྒྲིག་ཞུ་སྒོ་གང་ཅིའི་ཐད་ས་གནས་སུ་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་གཙོ་ Sen. Dimino མཆོག་དང་ཁོང་གི་ལས་བྱེད་རྣམ་པ། དེ་བཞིན་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་ལྷན་དུ་གོ་བསྡུར་དང་ལམ་སྟོན་ཐག་གཅོད་འཐུས་ཚང་གནང་ཡོད་པ་མ་ཟད།  Ontario བོད་རིགས་སྤྱི་མཐུན་ཚོགས་པས་རེ་འདུན་ཞུས་པ་ལྟར་ཀྲོ་རོན་ཀྲོ་བོད་རིགས་མང་ཚོགས་རྣམས་ལ་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་སྟངས་དང་འབྲེལ་བའི་བོད་མིའི་མང་གཙོའི་འཕེལ་རིམ་དང། ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་བཅས་ཀྱི་སྐོར་ལ་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་བཀའ་ལན་ཡང་སྩལ་ཡོད་ལ། ཨོ་ཊ་ཝའི་གནས་སྡོད་བོད་མི་དང་ཡུལ་མི་དང་བླངས་པ་རྣམས་ཀྱི་ལྷན་དུ་ཚོགས་ཆེན་ལ་ཕེབས་མཁན་སྐུ་མགྲོན་དང་ཚོགས་བཅར་བར་སྣེ་ལེན་ཞུ་ཕྱོགས་དང་འབྲེལ་བའི་གོ་བསྡུར་དང་ལམ་སྟོན་སོགས་ཀྱང་གནང་ཡོད་པ་རེད།

 

ཚོགས་འདུའི་ལས་རིམ་ལྟར་མཁས་དབང་རྣམ་པས་བརྗོད་གཞི་ལྟར་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད་ལ།  ལྷག་པར་དུ་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་ལམ་སྟོན་སྩལ་གནང་མཛད་ཡོད་པ་རེད། ད་རེས་ཀྱི་ཚོགས་ཆེན་ཐོག་བརྗོད་གཞི་མི་འདྲ་བ་མང་པོ་ཞིག་གི་ཐོག་ཏུ་བགྲོ་གླེང་གནང་ཡོད་པ་དང། ཚོགས་ཆེན་གྱི་ཉིན་མཐའ་མར་གྲོས་བསྡུར་ཟིན་པའི་ཨོ་ཊ་ཝ་བསྒྲགས་གཏམ་ལ་སླར་ཡང་བསམ་ཚུལ་ཡོད་པ་རྣམས་བཞེས་ཏེ་གཏན་འབེབས་དང། དེ་རྗེས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་ལས་འཆར་ཁག་དོན་ཚན་རེ་རེ་བཞིན་གོ་བསྡུར་གཏན་འབེབས་གནང་ཡོད་གནས་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གི་ལས་བསྡོམས་ནང་ཞིབ་གསལ་འགོད་གནང་ཡོད་པ་འདི་ཚེས་ ༡༧ ཉིན་སྤྱི་འཐུས་རྒྱུན་ལས་ལྷན་རྒྱས་སུ་སྙན་གསན་ཞུས་པ་དང་སྦྲགས་ཚོགས་ཆེན་གྱི་ཐག་གཅོད་ཁག་གི་དགོངས་དོན་མཇུག་སྐྱོང་ཞུ་དགོས་ཁག་རིམ་པས་རྒྱུན་ལས་སུ་བཀའ་བསྡུར་དང་འབྲེལ་ཕྱག་བསྟར་གནང་རྒྱུའི་སྙན་གསན་ཀྱང་གནང་ཡོད་པ་བཅས།       ཚོགས་དྲུང་ལས་ཁུངས་ནས། ཕྱི་ལོ ༢༠༡༢ ཕྱི་ཟླ་ ༥ ཚེས་ ༡༩ ལ།

Menu