སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་གིས་རྩོམ་སྒྲིག་གནང་བའི་དཔེ་དེབ་སྒོ་འབྱེད་དང་གསུང་བཤད་གནང་བ།

ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༧ ཉིན་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལི་ཐང་འཇམ་དབྱངས་བཟོད་པ་མཆོག་གིས་རྩོམ་སྒྲིག་གནང་བའི་ ༼རང་ལུས་མེར་སྲེག༽ ཅེས་པའི་དཔེ་དེབ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་ཡོད།

དེ་ཡང་གངས་ཅན་སྐྱིད་གཤོངས་གཉའ་ཁྲི་ཚོགས་ཁང་དུ་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་འཚོགས་དང་འབྲེལ། རྩོམ་པ་པོ་སྤྱི་འཐུས་ལི་ཐང་འཇམ་དབྱངས་བཟོད་པ་ལགས་ཀྱིས་དཔེ་དེབ་དེ་ཉིད་དཔར་སྐྲུན་གྱི་དགོས་དམིགས་དང་འབྲེལ། བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་ཚོར་སྡུག་སྦྱོང་ཇི་ལྟར་བཏང་ཡོད་མིན་སྤྱི་དང་བྱེ་བྲག་ཁོང་རྣམས་ཀྱི་ཐོག་མའི་ཀུན་སློང་དང་། དེའི་ཁྱད་ཆོས་གང་ཡོད་པ་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་ཆེད་དུ་གདན་ཞུས་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་དཔེ་དེབ་དབུ་འབྱེད་དང་སྦྲགས་གསུངས་དོན། རྩོམ་པ་པོ་བཀུར་འོས་སྤྱི་འཐུས་ལི་ཐང་འཇམ་དབྱངས་བཟོད་པ་ལགས་ཀྱིས་ཐུགས་འཁུར་ཆེ་བཞེས་ཀྱིས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ ༡༣༢ དང་། རྒྱལ་སྤྱིའི་jayangཐོག་རང་ལུས་མེར་སྲེག་གཏོང་མཁན་གྱི་གནས་ཚུལ་དང་རྒྱབ་ལྗོངས་གནས་སྟངས་སོགས་གོང་དུ་ཁོང་ནས་གསུངས་པ་ལྟར་ཡིན་པ་དང་། དཔེ་དེབ་དབུ་འབྱེད་ཐོག་ཕྱོགས་གཅིག་ནས་འབྲི་མཁན་ཁོང་རང་ཉིད་སྤྱི་འཐུས་ཤིག་ཡིན་པ་དང་། གཉིས་ནས་དཔེ་དེབ་དཔར་འགྲེམས་ཞུ་མཁན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ཡིན་པ་དང་། ད་བར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཞིག་ཡིན་པའི་ཆ་ནས་ཐེངས་འདིར་རང་ལུས་མེར་སྲེག་གི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་བཅར་ནས་དེབ་དབུ་འབྱེད་ཀྱི་གོ་སྐབས་ཐོབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་རང་ལུས་མེར་སྲེག་གི་གནས་ཚུལ་དེ་མི་རབས་འདིའི་སེམས་ནང་ཤེས་རྟོགས་ཡོད། འོན་ཀྱང་ལོ་རྒྱུས་ཐོག་ནས་དཔེ་དེབ་འདི་གལ་ཆེན་པོ་ཆགས་ཡོད། གཞུང་འབྲེལ་ཐོག་ནས་ཀྱང་ཡིག་ཆ་འདོན་བཞིན་ཡོད། དཔེར་ན། ཕྱི་ལོ་ ༢༠༠༨ ལོར་གནས་ཚུལ་བྱུང་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་དེབ་བཏོན་ཡོད། དེ་བཞིན་དམིགས་བསལ་ཚོགས་ཆེན་གྲུབ་རྗེས་རང་ལུས་མེར་སྲེག་གཏོང་མཁན་གྱི་མིང་དང་ལོ་རྒྱུས་སོགས་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་བཏོན་ཡོད།

འོན་ཀྱང་དེབ་འདིའི་ནང་དུ་རྒྱལ་སྤྱིའི་ནང་ཝི་ཐི་ནམ་ནས་འགོ་བཙུགས་ནས་ལྷོ་ཤར་ཨེ་ཤི་ཡའི་ནང་ཡིན་ནའང་རེད། ཡུ་རོབ་ནང་ཡིན་ནའང་རེད། དེ་བཞིན་ཕྱིས་སུ་ཏུ་ནི་ཤི་ཡའི་ནང་རང་ལུས་མེར་སྲེག་དང་འབྲེལ་བའི་གནས་ཚུལ་གང་བྱུང་བ་དང་མཁས་པ་ཚོས་ཉjayang 1མས་ཞིབ་ཇི་ལྟར་གནང་མིན་སོགས་འཁོད་འདུག་པ་མ་ཟད། ལྷག་པར་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ཚོས་ཀུན་སློང་འཁྱེར་སྟངས་དང་། དམིགས་ཡུལ། ཁ་ཆེམས་གང་བཞག་ཡོད་བཅས་ལ་ཞིབ་བརྩད་གནང་ཡོད།

སྤྱིར་བོད་ནང་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་རང་ལུས་མེར་སྲེག་བཏང་མཁན་ ༡༣༢ ནས་ ༡༡༣ འདས་གྲོངས་སུ་གྱུར་ཟིན། འོན་ཀྱང་གསོན་པོར་གནས་མཁན་དེ་དག་གི་གནས་སྟངས་ཇི་འདྲ་ཡིན་མིན་དང་། ཁོང་རྣམས་ཧ་ཅང་དཀའ་ངལ་འོག་གནས་ཡོད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ནང་མི་སྤུན་མཆེད་སོགས་ལ་སུན་གཙེར་བཟོ་བ་སོགས་ཧ་ཅང་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་གསལ་པོ་རེད། འོན་ཀྱང་བར་ལམ་ཞིག་ནས་ང་ཚོ་རྒྱལ་སྤྱིའི་ནང་འགྲོ་སྐབས་བོད་དོན་ཞུ་གཏུགས་བྱེད་སྐབས་དང་འབྲེལ་ཡོད་མི་སྣ་སོགས་དང་མཇལ་འཕྲད་སྐབས་ནུབ་ཕྱོགས་ས་ཁུལ་ཁག་འགའ་རེར་བོད་ནང་དུ་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་དེས་བསམ་ཚུལ་འདྲ་མིན་ཡོང་བཞིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུའང་དེ་མཚུངས་བསམ་ཚུལ་འདྲ་མིན་མང་དག་ཅིག་ཡོང་བཞིན་འདུག དཔེར་ན། བོད་ནང་རང་ལུས་མེར་སྲེག་བཏང་རྗེས་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུ་སྲོལ་ཡོད། འདི་ནི་ང་ཚོ་ནང་པ་སངས་རྒྱས་པའི་འགྲོ་སྟངས་ཤིག་ཡིན། འོན་ཀྱང་སྐབས་རེ་མཆོད་འབུལ་སྨོན་ལམ་དང་སྐད་འབོད་སོགས་བྱེད་སྐབས་ཁྱེད་ཚོས་བོད་ནང་རང་ལུས་མེར་སྲེག་མང་དུ་གཏོང་རྒྱུའི་བརྒྱུད་སྐུལ་བྱེད་ཀྱི་མེད་དམ་ཞེས་དྲི་བ་དེ་འདྲ་ཡང་གཏོང་མཁན་ཡོད། དེར་བརྟེན་ནུབ་ཕྱོགས་ཀྱི་མི་ཚོར་བསམ་ཚུལ་དེ་འདྲ་ཡོང་བཞིན་ཡོད། འོན་ཀྱང་ནུབ་ཕྱོགས་རང་དབང་ལུང་པ་རེད། བོད་དང་བོད་ལྟ་བུའི་གནས་སྟངས་སྡུག་པོ་དེ་འདྲའི་འོག་མིའི་ལུས་སེམས་གཉིས་ལ་དཀའ་ངལ་ཇི་འདྲ་ཞིག་འཕྲད་བཞིན་ཡོད་པ་ཁོང་ཚོའི་བསམ་བློར་འཆར་མ་ཐུབ་པའི་གནས་སྟངས་ཤིག་གི་འོག་ནས་ནུབ་ཕྱོགས་པ་ཚོར་བསམ་བློ་དེ་འདྲ་འཁོར་བཞིན་ཡོད་སྟབས། ཁོང་ནས་ཐེངས་འདིར་དེབ་འདི་བོད་ཡིག་ནང་བྲིས་གནང་ཡོད། དེར་བརྟེན་འབྱུང་འགྱུར་མི་རབས་ཚོས་ལྟ་ཀློག་བྱ་རྒྱུའི་གཞི་རྩ་ཧ་ཅང་གལ་ཆེན་པོ་ཞིག་བཟོས་ཡོད། དེབ་འདིའི་ནང་རྒྱལ་སྤྱིའི་གནས་ཚུལ་རྣམས་ཕུད་གཞན་རྣམས་བོད་ནང་གི་གནས་ཚུལ་ཤ་སྟག་ཡིན་སྟབས། བྱུང་ན་རྒྱ་སྐད་དང་དབྱིན་སྐད་སོགས་ནང་ཕབ་བསྒྱུར་གནང་ཐུབ་ཚེ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་ཀུན་སློང་དང་དམིགས་ཡུལ་སོགས་རྟོགས་ཐུབ་པར་བརྟེན་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་འགྲོ་ཐུབ་རྒྱུ་རེད་བསམ་པ་དྲན་གྱི་འདུག དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡོད་གསུངས་གནང་བ་དང་། སྐབས་དེར་གསར་འགོད་པ་གྲངས་ ༢༠ ལྷག་ཙམ་ཕེབས་ཡོད་པ་བཅས་ཀྱི་གནས་ཚུལ་དུ།

Menu