ཐོག་མ་ཁོང་གིས་ལས་འགུལ་བ་རྣམས་ལ་འཚམས་འདྲི་གནང་བ་དང་། དེ་ནས་གསུངས་དོན། མི་མང་ཚང་མས་སེམས་ཁུར་བླངས་པ་བཞིན་ལས་འགུལ་འགོ་བཙུགས་པ་ཙམ་མ་ཡིན་པར། མུ་མཐུད་དུ་ལས་འགུལ་མང་པོ་ཞིག་སྤེལ་དགོས་སྲིད་པ་རེད། ལས་འགུལ་སྤེལ་དགོས་དང་མི་དགོས་དེ་བོད་ནང་གི་ག་འདྲ་ཆགས་ཀྱི་ཡོད་མེེད་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱས། དེ་ལ་གཞི་བཅོལ་ནས་མི་མང་གི་ངོས་ནས་རྣམ་འགྱུར་སྟོན་དགོས་མིན་དང་། དེ་མ་ཡིན་པར་གཞུང་དང་ཆབ་སྲིད་ཀྱི་མི་སྣ་རྣམས་ལ་འབྲེལ་བ་བྱེད་དགོས་པ་དེ་ཚོ་རང་བཞིན་གྱིས་ཡོང་སྡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན།
ལས་འགུལ་སྤེལ་བ་འདི་ལྟ་བུ་ཞིག་ཡིན་ན་ཕྱི་ལོ་༢༠༠༩ ལོ་ལ་དགེ་འདུན་པ་བཀྲ་བྷེ་ཁོང་གིས་རང་ལུས་མཆོད་མེར་ཕུལ་བའི་གནས་ཚུལ་བྱུང་བ་རེད། ༢༠༡༡ ཕྱི་ཟླ་༣ ཚེས་༡༦ ཉིན་ནས་ཁེ་ཉིན་བར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་དགེ་འདུན་པ་བཙུན་མ་མི་སྐྱ་བཅས་བསྡོམས་པས་མི་༩ ཡིས་རང་ལུས་མཆོད་མེར་ཕུལ་ནས་བོད་པའི་རྩ་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བ་རེད། དེ་ག་ནང་བཞིན་བྱས་ནས་མི་༩ དེའི་ནང་ནས་༥ འདས་གྲོངས་སུ་སོང་བ་ང་ཚོས་ཤེས་ཀྱི་ཡོད་པ་རེད། མི་༤ དེའི་གནས་སྟངས་ང་ཚོས་རྩ་བ་ཉིད་ནས་ཤེས་ཀྱི་ཡོད་པ་མ་རེད། ཁ་ཤས་ཀྱིས་འབར་ཁམས་སུ་བཞག་འདུག་ཟེར་བ་དང་། ཁ་ཤས་ཀྱིས་ཁྲིན་ཏུའུ་ཡི་སྨན་ཁང་དུ་བཞག་འདུག་ཟེར་བའི་གནས་ཚུལ་ཞིག་ཡོང་གི་ཡོད་པ་མ་རེད་མ་གཏོགས། ཁོང་ཚོ་འདས་ཡོད་དང་གསོན་ཡོད་ཀྱི་གནས་སྟངས་ཆ་ཚང་ཞིག་ང་ཚོས་ཤེས་ཀྱི་ཡོད་པ་མ་རེད། དེ་འདྲའི་གནས་ཚུལ་བྱུང་བའི་སྐབས་དུས་སོ་སོ་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་དགོས་ནའང་རེད། ཚང་མ་དངོས་ར་འཕྲོད་པ་ཞིག་དགོས་པ་འབད་བརྩོན་ཞིག་བྱེད་སྡོད་ཀྱི་ཡོད་པ་རེད། གྲོས་ཚོགས་ཚོགས་པའི་སྐབས་འཁེལ་ཡོད་པ་ཡིན་ན། སྤྱི་འཐུས་དང་བཀའ་ཤག་གཉིས་ཀ་མཉམ་དུ་ཡོད་པའི་ཐོག་ནས་གྲོས་ཆོད་འཇོག་དགོས་ནའང་རེད། དེའི་རྗེས་འབྲེལ་གྱི་ལས་དོན་ག་རེ་བྱེད་དགོས་མིན་སོགས་གནས་སྟངས་མང་པོ་ཞིག་བྱུང་ཡོད་རེད་ཅེས་ཞུ་རྒྱུ་ཡིན།
ད་ལོ་ཕྱི་ཟླ་༩ ཚེས་༢༦ ཉིན་མོ་དེར་དགེ་འདུན་པ་གཉིས་ཀྱིས་རང་ལུས་མཆོད་མེར་སྦར་བའི་སྐབས་དེར་གྲོས་ཚོགས་འཚོགས་བསྡད་ཡོད་པ་རེད། གྲོས་ཚོགས་འཚོགས་པའི་སྐབས་དེར་ང་ཚོས་སྤྱི་མོས་ཐོག་ནས་གྲོས་ཆོད་བཞག བགྲོ་གླེང་གནང་དེ་འདྲའི་གནས་སྟངས་ཤིག་ཡོད་པ་རེད། ཡིན་ནའང་ང་ཚོས་བོད་ནང་དུ་གནས་ཚུལ་བྱུང་བ་དང་ལམ་སང་རྒྱ་གར་དང་རྒྱལ་སྤྱིའི་ནང་དུ་ཁྱབ་བསྒྲགས་བྱེད་རྒྱུར་སྐབས་རེར་དཀའ་ངལ་འཕྲད་ཀྱི་འདུག མང་པོ་ཞིག་དངོས་གནས་ཡོད་གནས་ཚུལ་རྒྱུས་ལོན་མ་བྱས་པའི་སྔོན་ནས་འཛམ་བུའི་གླིང་ལ་དྲིལ་བསྒྲགས་མང་པོ་བྱས་བཞག་པ་ཡིན་ན། རྗེས་མ་དངོས་ཡོད་གནས་ཚུལ་མ་ཡིན་པ་ར་སྤྲོད་བྱུང་བ་ཡིན་ན། ང་རང་ཚོ་རང་གི་ཆེ་མཐོང་བརླག་འགྲོ་བའི་གནད་འགག་ཡོད་པ་ཡིན་ཙང་། གནས་ཚུལ་ག་རེ་ཡིན་ནའང་དངོས་ཡོད་གནས་ཚུལ་མ་ཤེས་པའི་བར་དུ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ནའང་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡིན་ནའང་རེད། གཞུང་གི་ངོས་ནས་འདིའི་ཐོག་ལ་འགན་ཁུར་ནས་ལས་ཀ་བྱེད་དགོས་པ་དེ་ཚོར་བསམ་བློ་གཏིང་ཟབ་པོ་བཏང་། བསམ་བློ་ཕུགས་རྒྱང་རིང་པོ་བཏང་ནས་ལས་ཀ་བྱེད་དགོས་པ་ཞིག་ཡིན་དུས་གཟབ་གཟབ་ཞེ་དྲག་བྱེད་དགོས་པ་རེད་ཅེས་ཞུ་རྒྱུ་ཡིན།
ཕྱི་ཟླ་༩ པའི་ཚེས་༢༦ དང་ཕྱི་ཟླ་༡༠ ཚེས་༣ ལ་རང་ལུས་མཆོད་མེར་ཕུལ་བའི་དགེ་འདུན་པ་གསུམ་གྱི་གནས་སྟངས་དེ་ད་ལྟ་ཡིན་ནའང་ཤེས་ཀྱི་ཡོད་པ་མ་རེད། ཡིན་ནའང་ཕྱི་ཟླ་༡༠ ཚེས་༧ ཉིན་མཁའ་དབྱིངས་དང་ཆོས་འཕེལ་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་ནས། མཁའ་དབྱིངས་ཕྱི་ཚེས་༨ ལ་གྲོངས་པ་དང་། ཆོས་འཕེལ་ཕྱི་ཚེས་༡༡ ཉིན་འདས་གྲོངས་སོང་བའི་གནས་ཚུལ་དེ་ང་ཚོས་ཕྱི་ཚེས་༡༡ ཉིན་མ་གཏོགས་ཤེས་ཡོད་པ་མ་རེད། དེའི་གནས་ཚུལ་ཤེས་མ་ཐག་གནས་ཚུལ་མཁོ་སྒྲུབ་བྱེད་སྟངས་འདྲ་ཞིག་ཡིན་ནའང་། ག་ཚོད་ཐུབ་ཐུབ་ཀྱིས་ཁུངས་བཙན་པོའི་ཐོག་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། དེ་བཞིན་བཙན་བྱོལ་ནང་དུ་ཡོད་པའི་ཀིརྟི་དགོན་པའི་བོད་གནས་འབྲེལ་མཐུད་པ་བརྒྱུུད་ནས་གནས་ཚུལ་དེ་ཚོ་གང་ཐུབ་ཐུབ་ཅིག་བཟོས་ནས་ང་ཚོས་ལས་འགུལ་སྤེལ་རྒྱུའི་བང་བསྒྲིག་དགོས་པ་ཡིན་དུས། ཕྱི་ཟླ་༡༠ ཚེས་༡༡ ཀྱི་དགོང་མོ་ཆོས་འཕེལ་འདས་གྲོངས་སོང་བའི་གནས་ཚུལ་དེ་གསལ་པོ་ཆགས་པ་དང་། དེའི་དགོང་མོ་བཀའ་སྤྱི་ལྷན་རྒྱས་འཚོགས་པ་རེད། བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་དབུས་སྤྱི་འཐུས་རྒྱུན་ལས་རྣམས་གནས་ཚུལ་ཛ་དྲག་པོ་ཡིན་སྟབས་དགོང་མོ་དེར་འཛོམས་ལས་རིམ་བང་བསྒྲིག་དགོས་པ་དང་། ལས་རིམ་བང་བསྒྲིགས་པ་ནང་བཞིན་འགན་སུས་ཁུར་དགོས་མིན་སོགས་ཀྱི་ཐོག་ལ་གོ་བསྡུར་ཞུས། དེའི་ཕྱི་ཉིན་ཆུ་ཚོད་༡༡ ཐོག་ཡང་བསྐྱར་བཀའ་སྤྱི་ལྷན་རྒྱས་འཛོམས་ནས་མཐའ་མའི་ཐག་གཅོད་བྱུང་བ་དེ། རྩ་བས་ལས་འགུལ་ག་རེ་ཡིན་ནའང་། བཀའ་ཤག་དང་སྤྱི་འཐུས་གཉིས་གོ་བསྡུར་བྱས། མོས་མཐུན་བྱུང་བའི་ཐོག་ནས་རྒྱ་གར་ནང་དུ་ལས་འགུལ་སྤེལ་དགོས་པ་དེ་སྤྱི་འཐུས་ལྷན་ཚོགས་ནས་འཁུར་རྒྱུ་དང་། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་རྒྱུ་དེ་འཛིན་སྐྱོང་བཀའ་ཤག་ནས་འགན་ཁུར་རྒྱུ་བྱས་ནས་ཐག་གཅོད་འདི་འདྲ་བྱུང་བ་རེད་ཅེས་གཅིག་ཞུ་རྒྱུ་ཡིན།
དེ་ནས་ཕྱི་ཚེས་༡༣ གྱི་ཞོགས་པ་དེ་ལ་བཀའ་སྤྱི་ལྷན་རྒྱས་ཐུན་མོང་གི་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་དྷ་རམ་ས་ལ་ནས་གོ་སྒྲིག་བྱས་པ་རེད། དེའི་དགོང་མ་དེ་ག་རང་ལ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པས་དབུས་པའི་སྤྱི་འཐུས་ཁག་ཅིག་ལམ་སང་མར་ལྡི་ལིར་ཡོང་། དེའི་ཕྱི་ཉིན་དེ་ག་རང་ལ་ལྡི་ལི་དོན་གཅོད་ཀྱི་ངོས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཚབ་ཁག་ལ་དུས་ཚོད་བཟོ་རྒྱུ་དང་། རྒྱ་གར་དཔོན་རིགས་ཁག་ལ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་དུས་ཚོད་བཟོ་རྒྱུ་བང་བསྒྲིགས་ནས། ད་ལྟའི་བར་དུ་ང་ཚོས་རྒྱ་གར་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་བྱེད་ཐུབ་པ་བྱུང་ཡོད་པ་རེད། ཕྱི་རྒྱལ་གཞུང་ཚབ་ཁང་ཁག་མང་པོ་ཞིག་དང་མཇལ་འཕྲད་བྱེད་ཐུབ་པ་བྱུང་ཡོད་པ་རེད། དེ་རང་ཡི་ཚོགས་གཙོ་གཞོན་པའི་དབུས་པའི་སྤྱི་འཐུས་ཁག་ཅིག་གིས་གཞུང་ཚབ་ཁག་ཅིག་མཇལ་ཡོད་པ་རེད། དེ་རིང་ཉིན་གུང་རྒྱབ་ལ་ཚོགས་གཙོས་དབུས་པའི་སྤྱི་འཐུས་ཁག་ཅིག་གིས་སོག་པོའི་གཞུང་ཚབ་དང་། འཇར་མན་གྱི་གཞུང་ཚབ་ཐུག་ནས་ཡོང་བ་ཡིན། སང་ཉིན་ཡང་གཞུང་ཚབ་ཁག་དྲུག་བདུན་ཐུག་དགོས་པའི་དུས་ཚོད་བང་བསྒྲིགས་བཞག་ཡོད་པ་རེད།
དེ་འདྲ་ཡིན་དུས་ང་ཚོས་ལས་འགུལ་ཞེས་པ་དེ་ལམ་ཁར་ཐོན་ནས་སྐད་འབོད་བྱེད་རྒྱུ་གཅིག་པུ་ལ་ངོས་འཛིན་མ་བྱས་པའི་ཐོག་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནས་མི་ནུས་པ་དང་ལྡན་པ། ཁོང་ཚོས་ཅིག་བཤད་ན་གཞན་པ་ལ་ཤུགས་རྐྱེན་ཐེབས་ཐུབ་མཁན། རྒྱལ་ཁབ་སོ་སོའི་སྲིད་བྱུས་བཟོ་མཁན་ཚོ་ལ་གནོན་ཤུགས་སྤྲོད་ཐུབ་མཁན་རྣམས་དང་འབྲེལ་བ་བྱེད་རྒྱུ་དང་། ལྷག་པར་དུ་གསར་འགོད་པ་དེ་ཚོའི་མཉམ་དུ་འབྲེལ་བ་བྱེད་རྒྱུ་དེ་ཚོ་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ད་ལྟ་ང་ཚོས་ལས་འགུལ་འདི་སྤེལ་བ་ལ་བརྟེན་ནས་ཕྱི་ཚེས་བཅུ་གཅིག་དང་བཅུ་གཉིས་ཙམ་ལ་རྒྱ་ནག་གཞུང་གིས་བོད་ནང་ནས་རང་ལུས་མཆོད་མེར་སྦར་མཁན་མཁན་ཚོའི་གནས་སྟངས་དང་བསྟུན་ནས་སྐད་ཆ་གཅིག་བཤད་ཡོད་པ་རེད། དེ་མ་གཏོགས་ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་མི་མང་སྤྱི་དང་ལྷག་པར་བོད་ནང་དུ་གནས་ཚུལ་ག་རེ་ཆགས་ཀྱི་ཡོད་མེད་ཕྱི་གསལ་ནང་གསལ་གྱི་ཤེས་རྟོགས་ཐུབ་པའི་བརྒྱུད་ལམ་རྩ་བ་ཉིད་ནས་མེད་པ་ཆགས་ཡོད་རེད། བོད་ནང་ལ་མཚོན་ན་བཙན་བྱོལ་ནང་དུ་ཡོད་པའི་རླུང་འཕྲིན་དང་དེ་ཚོ་བརྒྱུད་ནས་བཙན་བྱོལ་ནང་ལས་འགུལ་ག་རེ་བང་སྒྲིག་གི་ཡོད་མེད་དེ་ཚོ་གོ་ཡི་ཡོད་རེད་མ་གཏོགས། རྒྱ་ནག་གཞུང་གི་ངོས་ནས་དང་། རྒྱ་ནག་གཞུང་གི་དྲ་རྒྱ་སོགས་བརྒྱུད་ནས་གནས་ཚུལ་ཤེས་རྒྱུའི་ལམ་ཁ་འདྲ་ཞིག་རྩ་བ་ཉིད་ནས་ཡོད་པ་མ་རེད། ཕྱི་ཟླ་༡༠ ཚེས་༡༡ ཉིན་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་སྐད་ཆ་བཤད་པ་དེ་ཚོ་ཕྱི་ལ་ཡོད་པའི་དྲ་རྒྱ་དེ་ཚོའི་ནང་དུ་མཐོང་རྒྱུ་ཡོད་པ་ལས། རྒྱ་ནག་ནང་དུ་གནས་ཚུལ་ཤེས་རྟོགས་ཡོང་ཐབས་རྩ་བ་ཉིད་ནས་མེད་པ་བཟོས་བཞག་ཡོད་པ་རེད། ད་ལྟའི་གནས་ཚུལ་ཡང་དེ་ག་རང་རེད།
ད་ལྟ་ང་ཚོས་ལས་འགུལ་ཞིག་སྤེལ་བསྡད་པའི་ཁ་ཐུག་ལ་ད་གིན་ང་གོམ་པ་བརྒྱབ་ནས་ཚུར་ཡོང་བའི་སྐབས་ལ་མཐོང་སོང་། རྒྱ་ནག་གཞུང་ཚབ་ཀྱི་མི་སླེབས་འདུག པར་བརྒྱབ་དེ་འདྲ་བྱེད་ཀྱི་འདུག གནས་ཚུལ་དངོས་གནས་ག་རེ་ཡིན་པ་རྒྱ་ནག་གཞུང་ལ་ཞུ་རོགས་བྱས་ན་ནི་ཡག་པོ་རེད། ཁ་སང་ཡིན་ན་ས་གནས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱེད་ཀྱི་ཡིན་ཞེས་བཤད་འདུག ཡིན་ནའང་བོད་ནང་དུ་གནས་ཚུལ་ཆུང་ཆུང་ཞིག་བྱུང་བ་དང་། རྒྱལ་སྤྱིའི་ཁྱོན་དུ་ཆེད་མངགས་གནས་ཚུལ་ཆེན་པོ་བཟོ་མཁན་གྱི་བརྒྱུད་ལམ་ཁག་ཅིག་ཡོད་པ་རེད་ཅེས་ཁོང་ཚོས་བཤད་འདུག གཙོ་བོ་བཙན་བྱོལ་ནང་དུ་ཡོད་པའི་བོད་པ་རྣམས་དང་ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཅིག་ཅིག་གནང་གི་མི་འདུག ཅིག་ཅིག་གནང་གི་འདུག་ཅེས་པ་དེ་དུས་རྒྱུན་གྱི་འགྲོ་སྟངས་ཤིག་རེད། དེ་ལ་ང་ཚོ་ཧང་སངས་དགོས་པ་ཞིག་གང་ཡང་ཡོད་མ་རེད། འཛམ་གླིང་སྤྱི་ཡོངས་ཀྱི་ནང་ནས་ཡིན་ཡང་། རྒྱ་ནག་ནང་ལོགས་ནས་སྐད་འབོད་ཅིག་བྱས་ཀྱང་ལོ་གསུམ་དང་བཅོ་ལྔ་སོགས་བཙོན་འཇུག་བྱེད་ཀྱི་ཡོད་པ་དེ་ཚང་མས་ཡིན་ཤག་ལྟ་བུ་བྱེད་བཞིན་ཡོད་པ་རེད། བོད་ནང་གི་ལས་འགུལ་ལ་གཞི་བཅོལ་ནས་ང་ཚོ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས། བོད་ནང་དུ་ཡོད་པའི་བོད་མི་ཚོས་འགན་ཁུར་ནས་བྱས་བཞག་པའི་ལས་ཀ་དེ་ཚོ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ར་འཕྲོད་ཡག་ཐག་ཆོད་ཅིག་དགོས་པ་དང་། དེའི་ཐོག་ལ་རྒྱབ་སྐྱོར་ཐོབ་ཐུབ་པ་ཞིག་དགོས་པ་དེ་ང་ཚོའི་ལས་འགན་རེད། ད་རེས་ང་ཚོས་ལས་འགན་དེ་འགྲུབ་པའི་ཆེད་དུ་འདིར་འཛོམས་བསྡད་ཡོད་པ་རེད། ད་རེས་ང་ཚོ་འདུ་འཛོམས་བྱས་པ་རེད་མ་གཏོགས། མ་འོངས་པར་ཡིན་ན་ཁྱེད་རང་ཚོ་ས་གནས་གང་དུ་ཡོད་ནའང་གནས་སྟངས་ག་འདྲ་ཞིག་གི་འོག་ཏུ་ཡོད་ནའང་རེད། བོད་ནང་གི་གནས་ཚུལ་ག་རེ་ག་རེ་ཆགས་ཀྱི་ཡོད་མེད་དེ་གཞན་ལ་འགྲེལ་བཤད་རྒྱག་དགོས་པ་ཞིག་དགོས་པ་དེ་གལ་ཆེན་པོ་ཞེ་བོ་ཞིག་རེད།
མི་ལ་འགྲེལ་བཤད་རྒྱག་རྒྱུ་ལ་དང་པོ་སོ་སོས་གནས་ཚུལ་ཤེས་དགོས་ཀྱི་ཡོད་པ་རེད། སོ་སོའི་གནས་ཚུལ་མ་ཤེས་ན། གཞན་ལ་འགྲེལ་བཤད་རྒྱག་ཏུ་འགྲོ་བའི་སྐབས་དེར་གནས་ཚུལ་ནོར་བ་ཞིག་བཤད་པ་ཡིན་ན་རང་བཞིན་གྱིས་ང་ཚོའི་ཆེ་མཐོང་བརླག་རྒྱུའི་ཉེན་ཁ་ཡོད་པ་ཞིག་ཡིན་དུས། དུས་རྒྱུན་དུ་ངས་བཤད་བསྡད་པ་དེ་ག་རེ་རེད་ཟེར་ན། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་རེད། དེར་བརྟེན་མི་རིགས་གཞན་དང་མི་འདྲ་བར་རྒྱ་ནག་ནང་དུ་གནས་སྟངས་ག་རེ་ཆགས་ཀྱི་འདུག བོད་ནང་དུ་གནས་སྟངས་ག་རེ་ཆགས་ཀྱི་འདུག རྒྱལ་སྤྱིའི་ཁྱོན་ཡོངས་ལ་གནས་སྟངས་ག་རེ་ཆགས་ཀྱི་འདུག དེ་ཚོ་ལ་རྟོག་ཞིབ་བྱེད་རྒྱུ་དང་། ནམ་རྒྱུན་དུ་དོ་སྣང་བྱས་ནས་བོད་པའི་གནས་ཚུལ་དང་འབྲེལ་བ་ཡོད་པ་ག་རེ་ཡོད་ནའང་། གཞན་ལ་འགྲེལ་བཤད་རྒྱག་དགོས་བྱུང་ཡང་གནས་ཚུལ་ཤེས་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས་པ་དེ་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་ཆགས་བསྡད་ཡོད་པ་རེད།
ད་རེས་ལས་འགུལ་འདི་ལ་མཚོན་ནའང་སྤྱི་འཐུས་ཁ་ཤས་ཤིག་བཟློག་མེད་དབང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཐུབ་ཡོད་པ་མ་རེད། ཁ་ཤས་ས་གནས་སུ་ལས་འགུལ་སྤེལ་རྒྱུར་རོགས་པ་གནང་ནས་བཞུགས་བསྡད་པ་ཡོད་པ་རེད། སྤྱི་འཐུས་རྣམ་པ་ཆ་ཚང་མང་ཆེ་བ་འདིར་ཕེབས་ནས་ཟས་བཅད་བྱེད་རྒྱུ་དང་། བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དུ་ལས་ཀ་བྱས་ནས་བསྡད་ཡོད་པ་རེད། སྤྱིར་འཐུས་ཡོངས་རྫོགས་ལྡི་ལིར་ཡོང་ནས་ལས་འགུལ་སྤེལ་བ་དེ་ད་རེས་ཐེངས་གཉིས་པ་ཆགས་བསྡད་ཡོད་པ་རེད། མདང་དགོང་མཚན་གང་འདིར་སྤྱི་འཐུས་རྣམ་པ་ཉལ། དེ་རིང་ཞོགས་པ་བདག་ཉིན་ཆེན་པོ་གན་དྷིའི་བང་སོ་བཞུགས་ཡུལ་རཱ་རྗི་གྷཌ་ཌི་ལ་ཕྱིན་ནས་སྔོན་འགྲོའི་ལས་འགུལ་འདི་འདྲ་ཞིག་སྤེལ། དེ་རིང་ཡིན་ན་རྒྱལ་སྤྱིའི་ཁྱོན་ནས་བོད་མི་འདུ་སྡོད་བྱེད་ཡུལ་གང་དུ་ཡིན་ནའང་། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་གང་དང་གང་དུ་ཡོད་པ་ཡིན་ནའང་། བོད་ནང་ནས་བོད་མི་ཚོས་རང་སྲོག་བློས་བཏང་བའི་གནད་དོན་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུའི་ཆེད་དུ་མཆོད་འབུལ་སྨོན་ལམ་བྱེད་པ་དང་། ད་གིན་དཔལ་ལྡན་ཆོས་རིག་བཀའ་བློན་གྱིས་བཀའ་ཤག་གི་སྐུ་ཚབ་གནས་ནས་གསུང་བཤད་གནང་བ་བཞིན། དེ་རིང་ཞོགས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱི་ཐོག་ནས། དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་རེད། དེ་བཞིན་སྟག་ལུང་ཞབས་དྲུང་རིན་པོ་ཆེ། ཀིརྟི་རིན་པོ་བཅས་ཀྱིས་གཙོས་སེར་སྐྱ་མི་མང་ཚང་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་གོ་སྒྲིག་བྱས་ཡོད་པ་རེད། དེ་རིང་ལྡི་ལིར་ཡིན་ན་ཆོས་ལུགས་ཚང་མའི་དབུ་ཁྲིད་ཁག་གདན་འདྲེན་ཞུས་པ་བཞིན། དབུ་ཁྲིད་གཅིག་སྐུ་གཟུགས་བདེ་མིན་གྱིས་ཕེབས་མ་ཐུབ་པ་མ་གཏོགས་གཞན་ཚང་མ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ཕེབས་ནས་མཆོད་འབུལ་སྨོན་ལམ་མཉམ་དུ་བྱེད་རྒྱུ་བྱུང་བ་རེད། ཅེས་སོགས་གསུང་བཤད་གནང་ཡོད་པ་རེད།།