སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྡོར་གདན་དུ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་གསུང་བཤད་གནང་བ།

ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༩ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༦ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྣེ་ལེན་ཁང་གི་སྡོད་གུར་དུ་བོད་ནས་གསར་དུ་ཕེབས་པའི་ཆོས་ཞུ་བ་རྣམས་ལ་གསུང་བཤད་གནང་ཡོད་པ་དང་། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་བཅས་ཀྱང་ལྷན་བཅར་གནང་ཡོད་པ་རེད།

          སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུང་བཤད་ཀྱི་ཐོག་མར་བཙན་བྱོལ་ནང་གི་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་དེ་དག་གིས་ལས་འགན་ཞིབ་རྒྱས་སུ་ངོ་སྤྲོད་གནང་མཚམས། ཉེ་ཆར་རྔ་བ་ཁུལ་དུ་བོད་མི་གཉིས་དང་། མགོ་ལོག་ཁུལ་དུ་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས་བཅས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་འདུག་པའི་གནས་ཚུལ་གསུང་གླེང་གནང་སྟེ། བོད་ནང་རྒྱ་ནག་གཞུང་ནས་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འོག་ནས་ང་ཚོ་བོད་པའི་ངོ་བོ་དང་མི་རིགས་རྩ་བརླག་གཏོང་གི་ཡོད་པ་རེད། ཁྱེད་རྣམ་པར་བོད་ནང་དཀའ་ངལ་མང་དག་ཅིག་ཡོད་ཀྱང་ཁྱེད་རང་ཚོའི་སྙིང་སྟོབས་དང་དམ་བཅའ་བརྟན་པོའི་ཐོག་ནས་ྋགོང་ས་མཆོག་གི་བཀའ་སློབ་གང་སྩལ་བ་དེ་དག་སྒྲུབ་ཆེད་འབད་བརྩོན་གནང་གི་ཡོད་པ་དེ་ང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་།

དེ་འདྲའི་གནས་ཚུལ་བྱུང་སྐབས་ང་ཚོའི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམས་ཕན་ཚུལ་གོ་བསྡུར་བྱས་ཏེ་ག་རེ་བྱས་ན་ལེགས་པ་འདུག དེ་བཞིན་རྒྱལ་སྤྱིའི་ནང་གནས་ཚུལ་དེ་དག་གང་འདྲ་བྱས་ནས་ཁྱབ་བསྒྲགས་བྱེད་དགོས་འདུག རྒྱབ་སྐྱོར་ཐོབ་ཐབས་གང་འདྲ་བྱེད་དགོས་ཀྱི་འདུག་པ་དེ་དག་ལས་ཀ་བགོ་བཤའ་བརྒྱབ་ནས་བྱེད་ཀྱི་ཡོད། ངས་སྤྱི་འཐུས་ཚོགས་གཙོའི་མིང་ཐོག་ཕྱིའི་རྒྱལ་ཁབ་ཁག་ཁ་ཤས་ལ་ཕྱིན་ཏེ་ཆབ་སྲིད་ཀྱི་མི་སྣ་དེ་དག་ཐུག་སྐབས་ཁོང་ཚོས་བོད་དོན་ཐོག་ལ་ཧ་ཅང་གི་དོ་སྣང་བྱེད་ཀྱི་འདུག དེ་བཞིན་བཀའ་བློན་ཁྲི་པ་དང་ཕྱི་དྲིལ་བཀའ་བློན་མཆོག་ཀྱང་ཕེབས་ཡོད། ད་ལྟའི་ཆར་བོད་ནང་ཛ་དྲག་གི་གནས་ཚུལ་ཐོག་རྒྱལ་སྤྱིའི་ནང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་ཅེས་ཁྱེད་རྣམ་པས་ཤེས་རྟོགས་ཆེད་ཞུ་གི་ཡོད། ལུང་པ་ཁག་གཅིག་རྒྱ་ནག་གཞུང་དང་མཉམ་དུ་ཧ་ཅང་བསྟུན་དགོས་པའི་གནས་སྟངས་ཆགས་སྟབས། ཐད་ཀར་རྒྱ་ནག་གཞུང་ལ་ཤོད་རྒྱུ་ཁག་པོ་ཆགས་ཡོད་པ་ལྟ་བུ་འདུག་ཀྱང་ཁོང་ཚོས་ང་ཚོར་འགྲེལ་བཤད་བརྒྱབ་དོན་ལ་རྒྱ་ནག་གཞུང་དང་སྐད་ཆ་ཤོད་རྒྱུར་བརྒྱུད་ལམ་དང་སྡིངས་ཆ་མི་འདྲ་བ་ཡོད་ལ་རྒྱ་ནག་གཞུང་ལ་བརྗོད་དགོས་པ་དེ་དག་ཤོད་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག

སྐབས་རེར་ང་ཚོའི་བསམ་བློའི་ནང་བོད་ཀྱི་དཀའ་རྙོག་དེ་སེལ་ཐུབ་ཨེ་ཡོང་བསམས་པ་དེ་འདྲ་ཏན་ཏན་ཡོང་སྲིད། འོན་ཀྱང་ང་ཚོའི་རེ་བ་བརླགས་ན་ང་ཚོའི་འཐབ་རྩོད་རྫོགས་པ་རེད། སྐབས་རེར་ཕྱི་རྒྱལ་མི་སྣ་ཁ་ཤས་ཀྱིས་ཁྱེད་རང་བོད་པ་ཚོར་རེ་བ་ཡོད་དམ་ཞེས་སྐད་ཆ་འདྲི་གི་འདུག ངས་རེ་བ་ཡོད། གལ་ཏེ་རེ་བ་མེད་ན། ང་ཚོ་འདིར་བོད་མིའི་སྒྲིག་འཛུགས་འཛུགས་དགོས་པའི་རྒྱུ་མཚན་མེད། བོད་ནང་གི་བོད་མི་ཚོས་རང་ལུས་བློས་གཏོང་དགོས་དོན་མེད་ཅེས་བརྗོད་ཀྱི་ཡོད།

བོད་ཀྱི་དཀའ་རྙོག་སེལ་རྒྱུ་དེ་རྒྱ་མི་དང་མཉམ་དུ་སྐད་ཆ་བཤད་ནས་སེལ་དགོས་པ་རེད་མ་གཏོགས་སྐད་ཆ་མ་བཤད་པར་ཡོང་ཐབས་མེད། དེང་སང་དཔལ་འབྱོར་དང་དམག་དོན་ཐོག་འཛམ་གླིང་ནང་ཨ་རིའི་འོག་ལ་རྒྱ་མི་བརྩི་བཞིན་ཡོད། འོན་ཀྱང་ཁོང་ཚོར་བཟང་སྤྱོད་ཀྱི་དབང་ཆ་མེད། རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཚོའི་མགོར་མེ་མདའ་བཙུགས་ནས་ང་ཚོར་གུས་ཞབས་བྱེད་དགོས་ཞེ་ན་ཡོང་ཐབས་མེད།

བོད་ནང་ལ་ཡིན་རུང༌། ཧུའུ་ཅིན་ཐའོ་སྲིད་འཛིན་ཆགས་རྗེས་མི་རིགས་ནང་ཁུལ་དང་ཁྱིམ་མཚེས་རྒྱལ་ཁབ་མཉམ་དུ་འཆམ་མཐུན་གྱི་སྤྱི་ཚོགས་བཟོ་གི་ཡིན་ཞེས་བརྗོད་ཡོད། འཆམ་མཐུན་བྱེད་པར་གཅིག་གིས་གཅིག་ལ་ཡིད་ཆེས་བྱེད་དགོས་པ་རེད་མ་གཏོགས་མགོ་རྡུང་གིན་རྡུང་གིན་གུས་ཞབས་བྱེད་དགོས་བརྗོད་ན་ཡོང་ཐབས་མེད། རྒྱ་ནག་གིས་འཆམ་མཐུན་གྱི་སྤྱི་ཚོགས་ཡོང་རྒྱུའི་ལས་གཞི་རྩ་བ་ནས་སྤེལ་གྱི་མི་འདུག བོད་པ་དང་། ཡུ་གུར། སོག་པོ་མི་རིགས་སོགས་ཀྱི་མི་མང་གིས་ཕྲན་བུ་རྣམ་འགྱུར་བསྟན་ན་ལམ་སེང་མགོ་གནོན་བྱ་རྒྱུ་དེ་འདྲ་བྱས་ན་ཡོང་ཐབས་མེད།

དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་མཉམ་དུ་འཆམ་མཐུན་བྱེད་ཀྱི་ཡིན་བརྗོད་ཀྱི་ཡོད་ཀྱང་རྒྱ་ནག་ལྷོ་མཚོ་ཁུལ་དེ་དག་ཡོངས་རྫོགས་ཁོང་ཚོར་དགོས་ཞེས་རྙོག་གྲ་ཤོད་བཞིན་འདུག དེའི་དབང་གིས་རྒྱལ་ཁབ་མང་དག་ཅིག་དང་དཀའ་ངལ་འཕྲད་ཀྱི་ཡོད། ད་ལྟའི་གནས་སྟངས་ལ་བལྟས་ན་ཨ་རིས་ཨབ་གྷན་སི་ཐན་དང་ཨི་རག་ནང་གི་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་ཡོད་ཀྱང་ཨེ་ཤི་ཡའི་གླིང་ཆེན་དང་མཚོ་དེའི་ཐོག་ཨ་རིས་དོ་སྣང་ཤུགས་ཆེ་བ་སྤྲོད་ཀྱི་འདུག དེ་བཞིན་རྒྱ་གར་དང་ལྷོ་ཀོ་རི་ཡ། ཉི་ཧོང༌། ཐེ་ཝན་སོགས་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་ཕྱོགས་གཅིག་ལ་བསྒྲིལ་གྱི་ཡོད།

ངས་རྒྱལ་སྤྱིའི་ནང་བརྗོད་ཀྱི་ཡོད། བྱེད་སྟངས་དེ་ལ་བལྟས་ནས་སྔོན་མ་ཨ་རི་དང་ཨུ་རུ་སུ་གྲང་དམག་ཐུག་པར་ལྟར་མ་འོངས་པར་ནུབ་ཕྱོགས་རྒྱལ་ཁབ་དང་རྒྱ་ནག་གི་གྲང་དམག་ད་ལྟ་ནས་ཐུག་གི་ཡོད་པའི་འགོ་བཙུགས་ཡོང་གི་འདུག ཁྱེད་རྣམས་ནས་གནས་ཚུལ་ག་ཚོད་མང་བ་ཤེས་པ་དེའི་ཚོད་ཀྱིས་ལས་འགུལ་དང་བསམ་བློ་གཏོང་རྒྱུའི་ཐུགས་ཕན་སོས་པ་ཆགས་ཀྱི་རེད།

ལྷག་པར་དུ་ད་ལྟའི་དུས་ཚོད་ལྟ་བུ་ཡིན་ན། ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་རལ་སྩལ་ཡོད། ང་ཚོས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་ལས་བཀའ་བློན་ཁྲི་པ་གཅིག་ཁོ་ནར་ཡོངས་རྫོགས་བྱེད་ཐུབ་ཀྱི་མ་རེད། སྔོན་མ་འོས་ཤོག་འཕེན་སྐབས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་སུ་བླུགས་ཡོད་རུང་མེད་རུང་ད་ལྟ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ཆགས་ཡོད་པར་བརྟེན། ང་ཚོ་བཙན་བྱོལ་དང་བོད་ནང་ཡོད་མཁན་ཚང་མས་ནུས་པ་མཉམ་སྤུངས་ཐོག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་མ་གཏོགས་བཀའ་བློན་མི་བདུན་ཁོ་ནས་བྱེད་ཀྱི་རེད་བསམས་ན་ང་ཚོ་ལྐུགས་པ་རེད། བཀའ་ཤག་གི་སྲིད་བྱུས་ག་ཚོད་ཡང་དག་པ་ཡོད་ཀྱང་དེ་ལག་བསྟར་བྱེད་མཁན་ལས་བྱེད་ཚོ་ཆགས་ཡོད། ལས་བྱེད་ཚོས་འཛིན་སྐྱོང་བཀའ་ཤག་ལ་མཐུན་འགྱུར་ཡག་པོ་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

བོད་མིའི་སྒྲིག་འཛུགས་དེ་ངོས་ལེན་ཡོད་དང་མེད་ཅེས་པ་དེ་མཐའ་མ་ཐུག་ས་བོད་ནང་གཞིས་ལུས་མི་མང་དང་བཙན་བྱོལ་དུ་སྡོད་མཁན་བོད་པ་ཚོས་དེར་ངོས་འཛིན་བྱེད་ཀྱི་ཡོད་མེད་ལ་ཐུག་ཡོད། ཁྱེད་རང་ཚོ་བོད་ནང་ཡོད་མཁན་ཚོར་ཆ་བཞག་ན། ད་ལྟ་རྡ་ས་ཡོད་པའི་བོད་མིའི་སྒྲིག་འཛུགས་ལ་མིང་ག་རེ་བཏགས་ཀྱང་ཁྱད་པར་མེད་པ་རེད། གང་ལྟར་རྡ་སར་ཡོད་པའི་སྒྲིག་འཛུགས་དེ་ང་ཚོ་བོད་མི་ཚང་མའི་སྐུ་ཚབ་ཡིན་བསམས་ཏེ་ནུས་པ་མཉམ་དུ་སྤུངས་ན་ཏན་ཏན་གྲུབ་འབྲས་ཐོན་གྱི་རེད་བསམ་གྱི་ཡོད།

བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་པ་ཡིན་པའི་ཆ་ནས་ལས་དོན་ཡག་པོ་བསྒྲུབས་ན་བོད་སྤྱི་པར་ཕན་གྱི་རེད། དེ་བཞིན་ཁོང་གིས་ལས་དོན་ཡག་པོ་མ་བསྒྲུབས་ན་བོད་སྤྱི་པར་གྱོང་རག་པ་ལས་ཁོང་རང་སྒེར་ལ་གྱོང་རག་རྒྱུ་གང་ཡང་མེད། ྋགོང་ས་མཆོག་གིས་བཀའ་བློན་ཁྲི་པར་ཐུགས་མཉེས་པོ་མཛད་ཀྱི་ཡོད་པ་མ་ཟད། རེ་བ་ཆེན་པོ་སྐྱོན་གྱི་ཡོད། ང་ཚོ་ཡིན་རུང་བཀའ་བློན་ཁྲི་པར་ཧ་ཅང་རེ་བ་བྱེད་ཀྱི་ཡོད།

དེ་སྔོན་ང་རང་ལོ་གཉིས་དང་ཕྱེད་ཀ་ཚོགས་གཙོ་བྱས་པ་ཡིན། ཕྱི་ཟླ་གཉིས་པའི་ཟླ་མཇུག་ལ་ང་སླར་ཡང་ཚོགས་གཙོར་བདམས་ཐོན་བྱུང་བ་རེད། ང་ཚོགས་གཙོར་བདམས་ཐོན་བྱུང་སྐབས་བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་པའི་དམ་བཅའ་འབུལ་རྒྱུ་རེད། དེ་དུས་ངས་ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་བྱས་ཏེ་ལས་དོན་ཐོག་ནུས་པ་མཉམ་སྤུངས་བྱ་རྒྱུ་ཤུགས་རྒྱག་དགོས་ཞེས་བརྗོད་པ་ཡིན། འོན་ཀྱང་མང་གཙོའི་འགྲོ་ལུགས་ལ་མང་གཙོའི་ཀ་བ་གསུམ་ལ་སོ་སོར་ས་མཚམས་ཤིག་ཡོད་པ་ཟིན་དགོས་ཀྱི་ཡོད། དེ་མ་ཟིན་ན་ང་ཚོ་མང་གཙོའི་འགྲོ་ལུགས་ལྟར་ཆགས་ཀྱི་མེད། དེ་དག་ཟིན་པའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་ལ་མཐུན་འགྱུར་ག་རེ་ཞུ་དགོས་བྱུང་ཡང་ཞུ་གི་ཡིན་ཞེས་ཞུས་ཡོད། རྡ་སར་ཚགས་ཚུད་པོ་ཞིག་བྱུང་ན། ས་གནས་ཚང་མར་རང་བཞིན་གྱིས་ཡོང་གི་རེད། ཁྱེད་རང་ཚོ་བརྒྱུད་ནས་བོད་ནང་གཞིས་ལུས་རྒྱ་ཆེའི་མི་མང་ལ་བཙན་བྱོལ་ནང་གི་གནས་སྟངས་དང་ྋགོང་ས་མཆོག་གི་དགོངས་གཞི་ཆ་ཚང་ཞིག་གསལ་བཤད་གནང་རྒྱུ་དེ་གལ་ཆེན་པོ་རེད།

མཐའ་དོན་ཞུ་རྒྱུར་ཁ་སྔོན་ྋགོང་ས་མཆོག་གིས་བཀའ་ཆོས་སྐབས་བཀའ་གནང་བ་དེ་རེད། དོལ་རྒྱལ་དེ་ང་ཚོའི་སྤྱི་ཚོགས་ཀྱི་ནང་པ་གཅིག་པུའི་དཀའ་ངལ་ཞིག་ཆགས་མེད། རྒྱ་མིས་དེ་ཆབ་སྲིད་ལ་བེད་སྤྱོད་གཏོང་གི་ཡོད། བོད་ནང་ལ་དོལ་རྒྱལ་བསྟེན་སྲོལ་བྱ་རྒྱུའི་ཐོག་རྒྱ་གཞུང་གིས་ཤུགས་རྒྱག་གི་ཡོད་ས་རེད། ཕྱི་རྒྱལ་ནང་དོལ་རྒྱལ་བསྟེན་མཁན་དེ་དག་ལ་རྒྱ་གཞུང་གིས་དངུལ་མང་པོ་སྤྲད་དེ་བསླུ་བྲིད་བྱེད་ཀྱི་འདུག་ཅེས་བརྗོད་ཀྱི་འདུག དེར་བརྟེན་དེ་ཚོ་ཆབ་སྲིད་ཀྱི་གནད་དོན་ཆགས་ཡོད་སྟབས། དོལ་རྒྱལ་བསྟེན་སྲོལ་བྱ་རྒྱུ་དེ་དག་བོད་ནང་མཚམས་འཇོག་བྱེད་ཐུབ་ན། དེ་ལས་ལྷག་པའི་ྋགོང་ས་མཆོག་གི་བཀའ་བསྒྲུབ་རྒྱུ་མེད་པ་རེད་བསམས་ཀྱི་ཡོད། ཁྱེད་རང་ཚོ་ྋགོང་ས་མཆོག་ལ་དད་པ་ཡོད་པ་དེ་ད་རེས་འདིར་ཕེབས་ཐུབ་པ་དེས་ཁུངས་བསྐྱལ་ཡོད་པ་རེད་ཅེས་གསུང་བཤད་གནང་ཡོད། །

Menu