སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྔ་འགྱུར་རྙིང་མའི་བཤད་གྲྭ་ཐེག་མཆོག་རྣམ་གྲོལ་གླིང་དུ་གསུང་བཤད་གནང་བ།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༢ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ ༡༡།༠༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ མཆོག་གིས་སྔ་འགྱུར་རྙིང་མའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དང་ བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བསླབ་པ་མཐར་སོན་རྣམས་ ལ་ཕྱག་འཁྱེར་བསྩལ་བའི་མཛད་སྒོའི་ཐོག་གསུང་བཤད་གནང་དོན།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ ཐོག  དེ་རིང་འདིར་བཤད་གྲྭ་དང་བཙུན་དགོན་གཉིས་ཀྱི་བསླབ་པ་མཐར་སོན་པའི་མཛད་སྒོའི་ ཐོག་ཕེབས་པའི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག  ཁྲི་ཟུར་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་རིན་པོ་མཆོག  མཁན་ཆེན་པདྨ་ཤེས་རབ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག  རྒྱ་གར་ལྷོ་ཕྱོགས་ཁྱབ་ཁོངས་ཀྱི་ཉེན་རྟོག་དམག་སྤྱི་ Shri Vipul Kumar  ལགས། གཞན་ཡང་སྐུ་མགྲོན་རྣམ་པ། འདིར་འཛོམས་མང་ཚོགས་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ ཐོག་མར་ཚང་མར་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

 

    དེ་རིང་བསླབ་པ་མཐར་སོན་པའི་མཛད་སྒོའི་བསྐལ་བཟང་འདིའི་ཐོག་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ཏེ་བསླབ་པ་མཐར་སོན་མཁན་རྣམས་ལ་ ཕྱག་འཁྱེར་རེ་རེ་བཞིན་བསྩལ་བ་ནི་ཧ་ཅང་གི་གོ་སྐབས་བཟང་པོ་དང་བསོད་ནམས་ཆེན་ པོ་རེད།

འདི་ནི་བདེ་བར་གཤེགས་པའི་གྲུབ་དབང་པདྨ་ ནོར་བུ་རིན་པོ་ཆེའི་བཞེད་དགོངས་ཀྱི་ཆ་ཤས་སུ་གྱུར་བ་ཡིན་སྟབས་དེ་རིང་གི་གོ་ སྐབས་འདི་བརྒྱུད་ནས་སློབ་གཉེར་བ་ཚང་མ་ལའང་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་ རྒྱུ་ཡིན།

གཙོ་ཆེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་ མཆོག་གིས་ལོ་མང་པོར་ཐུགས་འཁུར་ཆེ་བཞེས་གནང་བར་བརྟེན་ད་ཆ་འབྲས་བུ་མིག་མཐོང་ ལག་ཟིན་འདི་འདྲ་ཞིག་བྱུང་ཐུབ་ཡོད། དགེ་འདུན་པ་རྣམས་ཀྱིས་སློབ་གཉེར་ཚུལ་བཞིན་དུ་བྱ་རྒྱུ་གལ་ཆེན་པོ་ཆགས་འདུག  ཐོས་བསམ་སློབ་གཉེར་ཚུལ་བཞིན་དུ་བྱེད་ཐུབ་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་པ་ལའང་ཕན་ཐོགས་ཐུབ། དེ་བཞིན་དུ་ནང་ཆོས་ངོ་སྤྲོད་གནང་བ་དེས་ཕན་ཐོགས་ཐུབ།

ཐོས་བསམ་སློབ་གཉེར་དེ་ཧ་ཅང་གལ་ཆེན་པོ་ ཆགས་འདུག ཐོས་བསམ་སློབ་གཉེར་ཐོག་ལ་མུ་མཐུད་ནས་ཤུགས་བརྒྱག་རྒྱུ་གལ་ཆེན་པོ་རེད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་བརྟེན་ནས་དེང་སང་ནང་ཆོས་དར་ མ་མྱོང་སའི་ས་གནས་ཁག་ཏུ་ནང་ཆོས་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་པ་རེད། ནང་ཆོས་དར་མྱོང་མཁན་རྒྱ་ནག་གཙོས་ཨེ་ཤི་ཡའི་ནང་དུའང་ནང་ཆོས་ཀྱི་ཐོག་དོ་སྣང་ གསར་པ་ཞིག་སླེབས་ཡོང་དུས།  ཁོང་ཚོའི་དགོས་འདུན་སྐོང་ཐུབ་པའི་ལས་འགན་དམིགས་བསལ་བ་ཞིག་ང་ཚོ་དགེ་འདུན་པ་ རྣམས་ལ་ཡོད།

དེ་འདྲའི་ཐོག་ནས་ནང་ཆོས་འཆད་ཁྲིད་དང་ ཆོས་ཚོགས་འཛུགས་རྒྱུ། དཔལ་འབྱོར་འདུ་འགོད་གཙོ་བོ་མ་ཡིན་པའི་ཐོག་ནས་གཞན་ལ་ཕན་པའི་ཀུན་སློང་གཙོ་ བོར་བྱས་ཏེ་གཞན་ཕན་གྱི་བྱ་བ་བསྒྲུབ་ཐུབ་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་གནས་པལའང་ཕན་ཐོགས་ཐུབ། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་ཚན་རིག་ དང་མཉམ་དུ་ནང་ཆོས་གོ་བསྡུར་བྱེད་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུན་དུ་རྣམ་གྲོལ་གླིང་གི་བཤད་གྲྭར་ ཐུགས་འཁུར་དང་ལམ་སྟོན་བཀའ་སློབ་སྩལ་གནང་གི་ཡོད།

ང་རང་ལ་མཚོན་ནའང་དགོན་པ་འདི་ནས་འཚར་ལོངས་བྱུང་བ་ཡིན་སྟབས་༸གོང་ས་༸སྐྱབས་ ཆེན་པོ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། རྣམ་གྲོལ་གླིང་གི་བྱ་བ་ཐམས་ཅད་འགེགས་མེད་ལམ་ལྷོངས་ཡོང་བ་དང་། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་ཉིན་མོ་མགྱོགས་ནས་མྱུར་དུ་འཆར་བར་ཚང་མས་ སྨོན་ལམ་གནང་རོགས་ཞེས་གསུང་བཤད་གནང་།།

Menu