ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ པའི་ཚེས་ ༤ ཉིན་གྱི་བཙུན་དགོན་སློབ་གཉེར་བའི་ཡིག་རྒྱུགས་གྲུབ་འབྲས་ཀྱི་མཛད་སྒོར་ཕེབས་པའི་དཔལ་ལྡན་རང་གཞུང་ཆོས་རིག་བཀའ་བློན་མཆོག་དབུས་པའི་སྐུ་མགྲོན་རྣམ་པ་དང་བཙུན་མ་བཅས་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་ བཙུན་མ་རྣམས་ནས་སློབ་སྦྱོང་ཐོག་སྐུ་ལས་སྐྱོན་ནས་བྱ་དགའ་ཐོབ་པར་བསྔགས་བརྗོད་དང་བསམ་བློ་ལྟར་གྲུབ་འབྲས་མི་ཐོབ་མཁན་གྱི་བཙུན་མ་ཚོར་སེམས་ཤུགས་མ་ཆག་པར་མུ་མཐུད་ལོ་གསར་པའི་ནང་དཀའ་ལས་རྒྱག་དགོས་པ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་།
སྤང་བླང་ནི་དུས་རྒྱུན་ནས་ཉམས་ལེན་བྱེད་ཡག་ཅིག་ཡིན་པ་དང་། འཇིག་རྟེན་པར་མཚོན་ན་མི་དགེ་བཅུ་སྤང་བྱ་དང་། དགེ་བ་བཅུ་བླང་བྱ་ལྟ་བུ་རྩིས་སྲུང་དགོས་པ་དང་། དགེ་འདུན་དང་བཙུན་མར་མཚོན་ན་གཞི་ཚུལ་ཁྲིམས་ཀྱི་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན། ཚུལ་ཁྲིམས་ཡག་པོ་ཡོང་ན་ཐོས་པ་ཡག་པོ་ཡོང་བ། དཔེར་ན། ཁང་པའི་རྨང་གཞི་ཡག་པོ་བརྟིང་ཡོད་ན་ཐོག་རྣམས་རང་བཞིན་གྱི་ཡག་པོ་ཆགས་ཀྱི་རེད་ཅེས་གསུངས།
ཤུག་གསེབ་ཨོ་རྒྱན་རྫོང་ཧ་ཅང་གལ་ཆེན་པོ་དང་སྙན་གྲགས་ཆེན་པོ་ཡོད་པའི་སྐོར་གསུངས་དོན་བོད་ནང་ལོ་རབས་བརྒྱད་ཅུའི་ནང་ཤུག་གསེབ་བཙུན་མ་རྣམས་ཀྱིས་ཞི་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། བཙན་བྱོལ་ནང་དུའང་ནང་ཆོས་ཐོག་ཐོས་བསམ་སློབ་གཉེར་གང་ལེགས་གནང་ཡོད་པས་མདོར་ན་བོད་བསྟན་པ་ཆབ་སྲིད་གཉིས་ཀའི་ཐོག་སྐུ་ལས་སྐྱོན་ཡོད། ད་ཆ་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་མཐུན་རྐྱེན་ཡག་པོ་ཞེ་དྲག་ཡོད་། བྱས་ཙང་བཙུན་མ་རྣམ་པས་གོ་སྐབས་བཟུང་སྟེ་ཤེས་ཡོན་ཐོག་ཤུགས་གནོན་རྒྱག་རྒྱུ་གལ་ཆེ་། བོད་ཀྱི་ལོ་རྒྱུས་ནང་བུད་མེད་ཀྱི་རྟེན་ཅན་ཐོག་བསམ་གྱི་མི་ཁྱབ་པའི་མཁས་གྲུབ་གཉིས་ལྡན་མང་པོ་བྱུང་ཡོད། ཁོང་རྣམས་ཡུན་རིང་སྐུ་ལས་རྒྱབ་པ་ལས་བྱུང་བ་དང་། ཁོང་ཚོར་མིག་དཔེ་བལྟས་ནས་ནང་དོན་རིག་པའི་གཞུང་ཆེན་དག་ལ་འབད་འབུངས་བྱེད་དགོས། ལེ་ལོ་དང་རྣམ་གཡེང་། ཕྱིར་བཤོལ་སོགས་སྤང་དགོས་པ་དང་། དཔེ་ཁྲིད་དགེ་རྒན་ལ་དྲི་བ་དང་ཐོས་བསམ་ཚུལ་བཞིན་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ཡང་གསུངས།
དེང་སང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་འགྲོ་བཞིན་ཡོད་པ་དང་། བོད་དང་སོག་པོ་རྒྱ་ནག་ཙམ་མ་ཡིན་པར་ནང་ཆོས་ཀྱི་སྒྲ་ཙམ་མ་ཐོས་པའི་དེང་སང་ནུབ་ཕྱོགས་ནས་ཀྱང་དོ་སྣང་ཆེན་པོ་གནང་བཞིན་ཡོད་པས་ཁྱེད་ཚོས་ནང་ཆོས་ཀྱི་དྲོ་བ་ངོ་མ་རྙེད་ཐུབ་པ་བྱེད་དགོས་པ་དང་། ནང་ཆོས་ལས་ལྷག་པ་མི་ཚེའི་ནང་བདེ་སྐྱིད་འབྱུང་ཐབས་གཞན་མེད་པས་དོ་སྣང་དང་གོ་སྐབས་ཟིན་ཐུབ་པ་དགོས། གཞན་ཡང་སྐད་ཡིག་ལ་དོ་སྣང་གནང་གལ་ཆེ་བ་དང་ནུབ་ཕྱོགས་སུ་བུད་མེད་ཀྱི་ནང་ཆོས་དགེ་རྒན་ལ་དོ་སྣང་ཆེན་པོ་བྱེད་བཞིན་པའི་དུས་ཚོད་སླེབས་ཡོད། དམིགས་ཡུལ་མཐོན་པོ་བཟུང་དགོས་རྒྱུ་བཅས་ཀྱི་བཀའ་སློབ་གནང་།
མཐའ་མ་དེ་རིང་འདིར་མཛད་སྒོར་བཅར་ཐུབ་པར་དགའ་པོ་བྱུང་། ལྷག་པར་དུ་བཙུན་དགོན་འདི་ཉིད་ཀྱི་ཤེས་ཡོན་དང་འཛིན་སྐྱོང་སོགས་ཡག་པོ་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་གསུངས།