སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང་བཀའ་ཁྲི་བཅས་སྐུ་གཤེགས་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་རྗེས་ཤུལ་ནང་མིར་ཐུགས་གསོའི་སླད་ཅོན་ཏ་རར་ཆེད་ཕེབས་གནང་བ།

མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ ཙམ་ལ་ལྡི་ལིར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། རྒྱུན་ལས་ལྷན་ཚོགས་ཐེངས་ ༢༨ པའི་སྟེང་བཀའ་བསྡུར་བྱུང་དོན་བཞིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཕྱི་ཟླ་ ༩ ཚེས་ ༡ ཉིན་དམ་པ་ཁོང་གི་རྗེས་ཤུལ་ནང་མིར་ཐུགས་གསོའི་སླད་ཅོན་ཏ་རར་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་བཀའ་བློན་ཁྲི་པ་འབུམ་རམས་པ་བློ་བཟང་སེང་གེ་མཆོག་ཀྱང་ཉིན་དེར་ཆེད་ཕེབས་གནང་ཡོད།

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི། སྡེ་དགེའི་ཁོངས་རྨེ་ཤོད་འཇུ་ཆེན་ཚང་དུ་ཕྱི་ལོ་ ༡༩༢༩ ལོར་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༩ ལོར་ལྷ་སར་གསུམ་བཅུའི་སྒེར་ལངས་ལས་འགུལ་ལ་རྒྱ་གཞུང་གིས་དྲག་གནོན་བྱེད་སྐབས། ནོར་གླིང་ཕོ་བྲང་དུ་མི་མང་དང་བླངས་དམག་ཁོངས་ཕེབས་ཏེ་སྡེ་དགེ་ཤོག་གི་མི་གྲངས་ ༢༠༠ སྐོར་ཡོད་འགོ་འཁྲིད་ཀྱིས་རྒྱ་དམག་དང་གཡུལ་འཐབ་རིམ་པར་གནང་མཐར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས།

རྒྱ་གར་ནང་ཐོག་མར་མའི་ས་མ་རི་དང་ཀ་སྦུག རྡོར་གླིང་། མའེ་སོར་སོགས་སུ་བཞུགས་ཡུན་རིང་། མི་མང་འཐུས་མི་དང་། སྤྱི་མི། མཉམ་འབྲེལ་ཚོགས་མི། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་སོགས་ཀྱི་མཛད་ཁུར་སྣེ་མང་བཞེས་མྱོང་ཡོད་པ་དང་། ༡༩༧༢ ལོའི་ཟླ་ ༡༢ ཚེས་ ༢༥ ནས་ཕྱི་ལོ་ ༡༩༧༦ ཟླ་ ༥ ཚེས་ ༥ བར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་སྤྱི་འཐུས་ཚོགས་གཙོའི་མཛད་འགན་བཞེས་ཡོད། ཕྱི་ལོ་ ༡༩༧༦ ལོར་དྲིལ་བསྒྲགས་བཀའ་བློན་དུ་བསྐོ་གཞག་བསྩལ་བ་དང་། དེའི་རྗེས་རྒྱུན་བཞུགས་བཀའ་བློན་གྱི་འགན་འཁུར་བཞེས། ཕྱི་ལོ་ ༡༩༧༩ ལོར་བོད་ནང་ལྟ་སྐོར་སྐུ་ཚབ་ཐེངས་དང་པོའི་ཚོགས་གཙོ་དང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་ཏུ་སྐུ་ཚབ་ཚོགས་པའི་ཚོགས་གཙོར་ཕེབས། སྔ་རྗེས་སུ་ཤེས་རིག་དང་། ཆོས་རིག ནང་སྲིད་སོགས་ཀྱི་བཀའ་བློན་དང་། བཀའ་བློན་ཁྲི་པ་སོགས་སུ་བསྐོ་གཞག་སྩལ་ཕེབས་ལྟར་བཀའ་བློན་གྱི་མཛད་ཁུར་ལོ་ངོ་ ༡༥ བཞེས་མྱོང་ཡོད་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་དང་། དམིགས་བསལ་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་སོགས་ཀྱི་མཛད་འགན་སྣེ་མང་བཞེས་མྱོང་ཡོད། །