སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་དང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་མེང་ལོར་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༣ ནས་ ༡༤ བར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་དུ་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་དང་། མཐོ་སློབ་ཁག་ཅིག་གི་སློབ་སྤྱི་སོགས་མཇལ་འཕྲད་ཀྱིས་རྒྱ་གར་ལྷོ་ཕྱོགས་མེང་ལོར་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ཚེས་ ༡༣ ཉིན་མེང་ལོར་ཁུལ་གྱི་བོད་པའི་སྨན་ཞབས་སློབ་མ་རྣམས་དང་ལྷན་ཐུག་འཕྲད་ཀྱིས་གསུང་བཤད་དང་། དྲི་བ་དྲིས་ལན་གནང་བ་དང་། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༠།༣༠ བར་སྨན་ཞབས་མཐོ་སློབ་ (NITTE Usha Institute of Nursing Sciences) ཀྱི་སློབ་སྤྱི་སྨན་པ་འབུམ་རམས་པ་ལྕམ་སྐུ་ཧྥ་ཏི་མ་ ཌི་སི་ལི་ཝ་ (Dr.(Prof.) Fatima Dsilva) ལགས་དང་། དེ་བཞིན་སྨན་ཞབས་མཐོ་སློབ་ (General Nursing and Midwifery) ཀྱི་སློབ་སྤྱི་ལྕམ་སྐུ་སི་ལི་ཊ་ པིན་ཊོ་ (Cleeta Pinto) ལགས་བཅས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས། བོད་པའི་སྨན་ཞབས་སློབ་མ་དང་། དེ་གའི་འཛིན་སྐྱོང་བཅས་ཕྱོགས་གཉིས་ཀྱི་གནས་སྟངས་ལ་རྒྱུས་ལོན་དང་། མ་འོངས་པར་སྔར་ལྷག་བོད་པའི་སློབ་མ་ཚོར་གཟིགས་སྐྱོང་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་ལྟར། ཁོང་རྣམ་པས་ཞལ་བཞེས་གནང་འདུག

རིམ་པས་ཆུ་ཚོད་ ༡༠།༤༥ ནས་ ༡༡།༣༠ བར་སྨན་ཞབས་མཐོ་སློབ་ (Yenepoya Nursing College) ཀྱི་སློབ་སྤྱི་སྨན་པ་ལྕམ་སྐུ་ལེ་ནཱ་ (Dr. Leena K. C.) ལགས་དང་། སློབ་སྤྱི་གཞོན་པ་འབུམ་རམས་པ་ལྕམ་སྐུ་ཇ་ནེ་ཊི་ མི་རན་ཌ་ (Professor Janet Miranda) ལགས་རྣམ་གཉིས་དང་མཇལ་འཕྲད་གནང་། ཉིན་རྒྱབ་ཆུ་ཚོད་ ༡༢།༠༠ ནས་ ༡།༠༠ བར་སྨན་ཞབས་མཐོ་སློབ་ (Indira Nursing College) ཀྱི་འགན་འཛིན་ལྕམ་སྐུ་གྷ་རེ་ཤམ་ ཇེ་སི་ (Gresham Jase) ལགས་དང་། སློབ་སྤྱི་སྐུ་ཞབས་ཤེ་ཌི་ ནི་ཛ་མུ་དིན་ (Dr. Syed Nizamudin) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་སྟེ། བོད་པའི་སློབ་ཕྲུག་ཚོའི་སློབ་སྦྱོང་གི་གནས་ཚད་དང་། སྤྱོད་ལམ། དེ་བཞིན་ཕྱོགས་གང་ཐད་ནས་གོ་བསྡུར་ལྷུགས་པོ་གནང་ཡོད་པ་མ་ཟད། མཐོ་སློབ་དེ་ནས་བོད་པའི་སློབ་མ་ཚོར་སློབ་ཡོན་ཐོག་ལོ་རེར་ཧིན་སྒོར་ཆིག་ཁྲི་རེ་ཆག་ཡང་གནང་བཞིན་ཡོད་པ་སོགས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་གནང་ཡོད།

མཐོ་སློབ་དེ་དག་ནང་གི་འཛིན་སྐྱོང་གི་འབྲེལ་ཡོད་ནས་བོད་པའི་སློབ་མ་ཚོར་གཟིགས་སྟངས་ཡག་པོ་དང་ཐུགས་མོས་ཆེན་པོ་གནང་བཞིན་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༡།༣༠ ནས་མེང་ལོར་ནས་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་མེང་ལོར་ཁྱབ་ཁོངས་ཀྱི་ས་གནས་མ་ནི་པལ་ (Manipal) དུ་བོད་པའི་སློབ་མ་གྲངས་ ༡༦ ཙམ་ཡོད་སར་ཆེད་ཕེབས་ཀྱིས་གནས་སྟངས་ལ་གཟིགས་ཞིབ་གནང་ཡོད་འདུག་པ་བཅས། །

Menu