སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༠ ནས་ ༣༠ བར་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དང་དེའི་ཁྱབ་ཁོངས། བོན་གཞིས་ཐོབ་རྒྱལ་གསར་པ། ས་ཊོན་ཁམས་ཀ་ཐོག ཀུམ་རའོ་སྒ་པ། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། སྤོན་ཊ་ཆོལ་གསུམ། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་ཧུན་སུར་ནས་སིམ་ལར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༣ ནས་ ༢༥ བར་བོན་གཞིས་ཐོབ་རྒྱལ་གསར་པ་དང་། ས་ཊོན་ཁམས་ཀ་ཐོག ཀུམ་རའོ་སྒ་པ་བཅས་ལ་ལས་རིམ། ཕྱི་ཚེས་ ༢༦ ཉིན་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་སྤུ་རུ་ཝ་ལར་མཉམ་ཞུགས་ཀྱིས་དེ་ཉིན་སྤྱི་འཐུས་རྣམ་གཉིས་སྤུ་རུ་ཝ་ལ་ས་གནས་སུ་ལས་རིམ་དང་། ཕྱི་ཚེས་ ༢༧ ནས་ ༢༨ བར་སྤོན་ཊ་ཆོལ་གསུམ་གཞིས་ཆགས་དང་། ཧར་པ་སྤུར་བཅས་ལ་ལས་རིམ། ཕྱི་ཚེས་ ༣༠ ཉིན་སྤྱི་འཐུས་རྣམ་པ་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

Menu