སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་དང་མང་གཙོའི་དུས་དྲན་མཛད་སྒོར་ཆེད་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡ ནས་ ༣ བར་ཉིན་གསུམ་རིང་ས་གནས་མི་ནི་སོ་ཊ་རུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༧ པ་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང། དེ་བཞིན་ལྷོ་བྱང་ཨ་རིའི་སྤྱི་འཐུས་རྣམ་པ་གཉིས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། དྲུང་ཆེ་ཚེ་རིང་བཀྲ་ཤིས་ལགས། ལས་བྱེད་བསྟན་འཛིན་ཚེ་དཔག་ལགས་ཀྱིས་གཙོས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༢༡ ནས་ཚོགས་བཅར་བ་ཁྱོན་ ༤༨ ཙམ་མཉམ་བཞུགས་གནང་ཡོད་འདུག

ཕྱི་ཚེས་ ༡ ཉིན་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་རེ་བ་སེམས་ནང་བཅངས་པའི་ཐོག་ནས་ཆེ་བཞག་ཆུང་བསྐྱུར་གྱི་བོད་ཀྱི་རྩ་དོན་དང་བོད་མིའི་མངོན་འདོད་སྒྲུབ་སླད་སྔར་ལྷག་ནུས་པ་མཉམ་སྤུངས་དགོས་པ་ལས། ཆོལ་ཁ་དང་ཆོས་ལུགས། སློབ་ཟུར་དང་གཞིས་ཟུར་ཚོགས་པ། སྐྱིད་སྡུག་སོགས་ཀྱི་ལས་དོན་ཆུང་ཙག་ཁོ་ན་ལ་མགོ་འཁོར་ནས་བསྡད་མི་རུང་བའི་སྐོར་དང་། ༧རྒྱལ་བའི་སྐུ་ཕྱྭའི་སླད་ཞབས་རིམ་རྣམས་དུས་ཐོག་གསོག་སྒྲུབ་དགོས་གལ། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་སླད་དབུ་འོག་དཔུང་འདེགས། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། དྭང་ལངས་དཔྱ་དངུལ་འབུལ་མཁན་མང་དུ་གཏོང་དགོས་པ་སོགས་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཀྱི་སྣེ་མོ་བ་ཚོས་ས་གནས་མི་མང་ལ་སེམས་ཤུགས་དང་གོ་རྟོགས་སྤེལ་དགོས་པའི་འབོད་སྐུལ་ནན་པོ་ཞུས་གནང་འདུག་པ་དང་། དེ་བཞིན་ཚོགས་འདུའི་ཉིན་གསུམ་རིང་གི་གྲོས་གཞིའི་ཐོག་ལམ་སྟོན་དང་། བགྲོ་གླེང་ནང་མཉམ་བཞུགས་གནང་འདུག

དེ་ཉིན་དགོང་མོ་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་མཛད་སྒོའི་ཐོག་གཞུང་འབྲེལ་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་པ་དང་། དེའི་སྐབས་སྤྱི་འཐུས་མཆོག་གིས་མི་ནི་སོ་ཊ་ས་གནས་སུ་བོད་མི་གཅིག་སྟོང་གཞིས་སྤོས་ལས་འགུལ་གྱི་འགན་ཁུར་གནང་མཁན་ཐུབ་བསྟན་ཟླ་གྲགས་ལགས་དང་རྣམ་རྒྱལ་དབང་འདུས་ལགས་རྣམ་གཉིས་ཀྱིས་དབུས་རྒྱབ་སྐྱོར་བ་ཡོངས་དང། བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ལས་ཟུར་ཡོངས་ལ་ཐུགས་རྗེ་ཞུས་གནང་བ་དང་། འདས་པའི་མོ་ལོ་ ༢༥ ནང་ས་གནས་བོད་མི་རྣམས་ནས་གོ་སྐབས་དམ་འཛིན་གྱིས་བོད་ཕྲུག་རྣམས་ལ་སློབ་སྦྱོང་གནང་སྟེ་ད་ལྟའི་ཆར་ས་གནས་སུ་སློབ་ཕྲུག་མི་ཉུང་བ་ཞིག་སློབ་ཐོན་ཚར་རྗེས་སྨན་པ་དང་སྨན་ཞབས་པ། ཁྲིམས་རྩོད་པ་དང་མེ་འཁོར་འགན་འཛིན་སོགས་ཡོད་པ་ཚང་མས་སྤོབས་པ་བྱེད་འོས་པ་ཞིག་ཡིན་པའི་དྲན་བསྐུལ་ཞུས་གནང་འདུག་པ་མ་ཟད། སྐབས་དེར་ (Mayo) སྨན་ཁང་གི་སྐུའི་བླ་སྨན་པ་ (Dr. Mueller) ལགས་དང་ཁོང་གི་བཟའ་ཟླ་ལ་ཡང་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུས་གནང་འདུག

མཛད་སྒོ་འདིའི་ཐོག་མི་ནི་སོ་ཊ་མངའ་སྡེའི་སྤྱི་ཁྱབ་ (Mark Dayton) མཆོག་གིས་གཙོས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Keith Ellison མཆོག་དང། མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ལྷོ་བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། དྲུང་ཆེ་ཚེ་རིང་བཀྲིས་ལགས། ལས་བྱེད་བསྟན་འཛིན་ཚེ་དཔག་ལགས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་དང་ས་གནས་མི་མང་ ༤༠༠ ལྷག་མཉམ་བཞུགས་གནང་ཡོད་འདུག

ཕྱི་ཚེས་ ༢ ཉིན་གྱི་དགོང་དྲོ་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༨ འཁོར་བའི་དུས་དྲན་མཛད་སྒོར་གཞུང་འབྲེལ་ཆེད་ཕེབས་གནང་འདུག་པ་བཅས། །