སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་དང་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གཉིས་ལུགས་བསམ་སོགས་གཞིས་སྒར་ཁག་ཏུ་འཚམས་གཟིགས་ལེགས་པར་གྲུབ་པ།

༄༅། །སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚམས་གཟིགས་ཐེངས་དང་པོའི་མཛད་རིམ་ཁོངས། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་དང༌། སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་རྣམ་གཉིས་ཕྱི་ལོ་༢༠༡༡ ཟླ་ ༦ ཚེས་ ༡༨ ནས་ ༢༠༡༡ ཟླ་ ༦ ཚེས་ ༣༠ བར་ལྷོ་ཕྱོགས་མའི་སོར་གཞིས་ཆགས་ལུགས་ཟུང་བསམ་གྲུབ་གླིང་དང༌། མའི་སོར། སྦེང་ལོར་བཅས་སུ་འཚམས་གཟིགས་ཕྱོགས་ཕེབས་ལེགས་པར་གྲུབ་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་ཚོགས་དྲུང་ལས་ཁུངས་སུ་ལས་བསྡོམས་འགོད་འབུལ་གནང་ཡོད།

ཐེངས་འདིའི་འཚམས་གཟིགས་སྐབས། སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཆ་བགོས་ས་ཁོངས་ཀྱི་གཞིས་གྲོང་ཁག་དང་། དགོན་སྡེ་གྲ་ཚང་། སློབ་གྲྭ། སྨན་ཁང་། མཉམ་འབྲེལ། ཁ་འཐོར་མི་མང་བཅས་པར་ཚོགས་འདུ་ཐེངས་ ༨ ཙམ་ བསྐོངས་ཏེ་གསུང་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་དང་། ཚོགས་བཅར་བ་སྔ་རྗེས་བསྡོམས་ ༤༡༨༠ ཙམ་བྱུང་ཡོད།

དེ་བཞིན་སྦེལ་ཀོབ་ས་གནས་གཞོན་ནུའི་ལྷན་ཚོགས་དང༌། བུད་མེད་ལྷན་ཚོགས་ཟུང་ནས་གོ་སྒྲིག་གནང་སྟེ། ཉེ་ལམ་བོད་ཨ་མདོ་རྔ་པ་ཀིརྟི་དགོན་པ་དང༌། ཁམས་དཀར་མཛེས་ཁུལ་གྱི་མི་མང་ནས་ཞི་རྒོལ་གྱི་ལས་འགུལ་སྤེལ་རྐྱེན་རྒྱ་དམར་ནས་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་བཞིན་པར་གདུང་སེམས་མཉམ་སྐྱེད་ཞུ་ཆེད་མར་མེ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་བསྡུ་སྐོང་གནང་འདུག་པར། སྤྱི་འཐུས་རྣམ་གཉིས་སྐུ་མགྲོན་གཙོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་འདུག

ས་གནས་འཐུས་མིའི་ཚོགས་འདུ་ཁག་འོས་འདེམས་བྱེད་ཕྱོགས་སྐོར་ལ་སྤྱི་འཐུས་རྣམ་པས་ཞིབ་འཇུག་གནང་དགོས་པའི་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་གནང་འདུག་པའི་ཐད། སྤྱི་འཐུས་རྣམ་གཉིས་ཀྱི་ལས་བསྡོམས་སུ། སྦེལ་ཀོབ་ས་གནས་སུ་འདས་པའི་ལོ་ཤས་སྔོན་ནས་ས་འཐུས་འོས་འདེམས་བསྐོ་འཛུགས་བྱེད་ཐུབ་པ་བྱུང་མི་འདུག  རྒྱུ་མཚན་འདིར་ཞུ་མ་དགོས་པར་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་གཙོས་འབྲེལ་ཡོད་ཚང་མའི་དགོངས་པར་མངའ་གསལ་ལགས་པ་དང༌། གཞིས་ཆགས་ཆེ་ཁག་འདི་ལྟ་བུར་ས་འཐུས་ངེས་པར་དུ་ཡོད་དགོས་པ་གལ་ཆེ་དང༌། སླད་ནས་འོས་འདེམས་བྱེད་ཐུབ་པ་དང༌། ཐུབ་མིན་ཡང་གོང་གི་ལས་ཁུངས་ཁག་གི་ལམ་སྟོན་ཐག་གཅོད་ལ་རག་ལས་སྙམ་པ་ཙམ་ལས་གཞན་ཚིག་ཐག་ཆོད་པོས་ཞུ་རྒྱུ་མེད་ཅེས་བཀོད་འདུག་པ་དང་།

སྤྱི་འཐུས་རྣམ་གཉིས་ནས་འཚམས་གཟིགས་སྐབས་ཀྱི་གཟིགས་ཚུལ་དོན་ཚན་གསུམ་བཀོད་འདུག་པ་གཤམ་གསལ།

༡༽  གཟིགས་སྐོར་གྲུབ་འབྲས་ལྟ་བུར། བར་ལམ་རང་རེའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བརྟེན་མང་ཚོགས་ནང་གཏམ་འཆལ་འདྲ་མིན་ཡོང་འདུག་པ་རྣམས་ཁུངས་ལྡན་མིན་སྐོར་གསལ་པོ་ཆགས་སོང་སྙམ་པའི་མཐོང་ཚུལ་བྱུང༌།

༢༽  བར་ལམ་གཞིས་ཆགས་ཁག་གི་མཉམ་འབྲེལ་ཁག་གི་གནས་སྟངས་ཐོག་འགྱུར་བ་ཕྱིན་པར་བརྟེན་ནས་ད་ལྟའི་ལུགས་བསམ་གཞིས་ལས་ཁང་གི་ལས་ཁུངས་དང༌། ལས་ཤག་འཛིན་ཆས་སོགས་ཆ་ཚང་མཉམ་སྦྲེལ་ཁུངས་སུ་བཅུག་སྟེ་གཞིས་ལས་ཁང་དང༌། གཞིས་འགོ་བཅས་མཉམ་སྦྲེལ་ལ་གནས་ཚང་གཡར་བ་ལྟ་བུར་བཞུགས་དགོས་པ་ཆགས་འདུག

༣༽  ལུགས་བསམ་ལྟ་བུའི་གཞིས་ཆགས་ཆེ་ཁག་འདི་ཚོའི་ནང་བོད་རིགས་ནང་ཁུལ་མཐུན་སྒྲིལ་དགོས་པའི་ཟབ་སྦྱོང་གནང་གི་ཡོད་ངེས་ཀྱང་ད་དུང་ཟབ་སྦྱོང་ཟབ་ཏུ་གཏོང་དགོས་པ་གལ་ཆེར་མཐོང༌།

༤༽  མི་མང་མཉམ་སྦྲེལ་དང༌། སྐྱེ་ལྡན་ལས་གཞིས་ཁག་ཏུ་ལས་མི་མ་ཐོབ་པའི་དཀའ་ངལ་ཆེན་པོ་ཡོད་འདུག

Menu