ཐེངས་འདིའི་འཚམས་གཟིགས་ཕྱོགས་ཕེབས་གནང་ཡུལ་ནི་ལ་དྭགས་སླེ་ཁུལ་དང་། བྱང་ཐང་ཁུལ་གྱི་གཞིས་ཆགས་དང་བརྒྱ་ཤོག་ཁག་དང་། བོད་ཁྱིམ་རྒས་གསོ་ཁང་། མཉམ་འབྲེལ་སྡེ་ཚན། གཞིས་ཁུལ་གྱི་སློབ་གྲྭ དགོན་སྡེ་ཁག་དང་། ཚོང་པ། ས་གནས་སྨན་ཁང་བཅས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་པ་སོགས་ཡིན་འདུག འཚམས་གཟིགས་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་གསུང་བཤད་དང་བཞུགས་མོལ་ཚོགས་འདུ་བཅས་གནང་ཡོད་པ་དང་། ཐེེངས་འདིའི་ཕྱོགས་ཕེབས་འཚམས་གཟིགས་སྐབས་ཀྱི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་དང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་རྣམ་གཉིས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་སྐོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་སོགས་ལ་གསུང་བཤད་གནང་འདུག
་་་་་་་་་་་་
དེ་བཞིན་མི་མང་དང་སློབ་ཕྲུག་ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྐོར་སྙན་ཞུ་དང་། སྤྱི་འཐུས་རྣམ་གཉིས་དང་མི་མང་བར་ཕན་ཚུན་གསལ་བཤད། བསམ་ཚུལ་བརྗེ་ལེན། ཐག་གཅོད་ལམ་སྟོན་གནང་བ། ཉམ་ཐག་དང་ས་གནས་མི་མང་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མཉམ་ལས་སྡེ་ཚན་ཁག སློབ་གྲྭ་དང་། དགོན་སྡེ་ཁག་གི་གནས་སྟངས་ཐོག་རྟོག་ཞིབ་བཅས་གནང་སྟེ་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༢༥ ཙམ་རིང་རྟོག་ཞིབ་དང་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་འདུག ད་རེས་སྤྱི་འཐུས་རྣམ་གཉིས་འཚམས་གཟིགས་སུ་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་བཀའ་དྲུང་ཡིག་ཚང་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།