སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་བལ་ཡུལ་རྒྱལ་ས་ཁུལ་དང་ཤ་ཝ་ར་གསུམ་བཅས་ཀྱི་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།


༄༅། ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ཏུ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་དང་བལ་ཡུལ་དུ་གནས་བཞུགས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་རྣམ་གཉིས་བལ་ཡུལ་ཤ་ཝ་ར་གསུམ་དང་རྒྱལ་ས་ཀ་ཐ་མན་གྲུ་ཁུལ་ཡོངས་བཅས་སུ་ས་བགོས་འཁེལ་ཡོད་ཀྱང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་ཐེངས་འདིར་སྐུ་གཟུགས་བདེ་མིན་གྱིས་དགོངས་པ་ཞུས་རྗེས། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་ཕྱི་ཟླ་ ༤ ཚེས་ ༡༣ ནས་ཕྱི་ཟླ་ ༥ ཚེས་ ༢༤ བར། ཁྱོན་ཉིན་གྲངས་ ༤༢ རིང་བལ་ཡུལ་གྱི་མཐའ་མཚམས་ས་གནས་ཁག་གསུམ་སྟེ་ཤ་ཝ་ར་གསུམ་དང་། རྒྱལ་ས་འཕགས་ཤིང་། མཆོད་འཇོར། འཇོ་ལ་ཁེལ་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་མཆོག་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༡༥ ཉིན་ལྡི་ལི་ནས་བྷག་ཌོ་ར་བརྒྱུད་བལ་ཡུལ་དུ་ཕེབས་ཐོན་གནང་སྟེ། ཕྱིཚེས་ ༡༦ ཉིན་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་ཕེབས་འབྱོར་གནང་ཡོད། ཕྱི་ཚེས་ ༡༧ ཉིན་གྲུབ་ཐོབ་རིན་པོ་ཆེའི་ཁྲི་འདོན་མཛད་སྒོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད། ཕྱི་ཚེས་ ༡༩ ཉིན་ཝ་ལུང་དུ་ཕེབས་ཐོན་གནང་ཡོད་པ་དང་། ལམ་བར་དུ་ཕྱི་ཚེས་ ༢༠ ཉིན་ཏབ་ལེ་ལྗོངས་སུ་ཡོད་པའི་ས་གནས་བོད་མི་ཁ་ཐོར་ཚོང་པ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་སྐོར་ལ་གསུང་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༡ ནས་ ༢༢ ཉིན་བཅས་སུ་ཞབས་ཐང་དུ་ཕེབས་ཏེ་བོད་དང་ས་འབྲེལ་ཝ་ལུང་དུ་འབྱོར་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱི་ཐོག་མར་ཝ་ལུང་དགོན་པར་མཆོད་མཇལ་ཞུས་གནང་བ་དང་། དེ་ནས་ས་གནས་མི་མང་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་རྗེས་དུད་ཚང་ཁག་ཅིག་ནང་གཟིགས་བསྐོར་ཕེབས་གནང་ཡོད། དེ་བཞིན། ཕྱི་ཚེས་ ༢༤ ཉིན་ཝ་ལུང་ནས་ཐོན་ཏེ་ཞབས་ཐང་དུ་ཡང་དམག་ཏུ་བསྐྱོད་པ་དང་། ཕྱི་ཚེས་ ༢༦ ཉིན་ཡང་དམག་ནས་ཐོན་ཏེ་ཞབས་ཐང་དུ་ཕོ་ལེ་བསམ་འཕེལ་གླིང་དུ་བསྐྱོད། ཕྱི་ཚེས་ ༢༧ ཉིན་དགུན་ས་བཅས་སུ་བསྐྱོད་དེ་ས་གནས་སོ་སོའི་དགོན་སྡེ་ཁག་ལ་མཆོད་མཇལ་དང་། མི་མང་དང་མཇལ་འཕྲད་གནང་སྟེ་གསུང་བཤད་གནང་བ་མ་ཟད། མི་མང་གི་དུད་ཚང་ཁག་ལའང་གཟིགས་ཞིབ་ཆེད་ཕེབས་གནང་འདུག

ཝ་ལུང་ཁུལ་གྱི་ལས་རིམ་ཡོངས་སུ་གྲུབ་རྗེས། ཕྱི་ཟླ་ ༥ ཚེས་ ༤ ཉིན་ཤར་ཁུམ་བུ་བདེ་ལེགས་གླིང་གཞིས་ཆགས་ཀྱི་ཁྱབ་ཁོངས་ཤར་ཁུམ་སྟོད་རྣ་བོ་ཆེ་དང་ཇོ་མོ་གླང་མའི་ལུང་གཤོང་དུ་ཆགས་པའི་ཁུམ་སྟོད་ས་སྐྱའི་མཚམས་ཁང་མདོ་སྔགས་ཆོས་རྫོང་། ཤར་གངས་ལའི་ལུང་ཁུག་དུ་ཆགས་པའི་ཁ་རེ་དགོན་དགའ་ལྡན་ཆོས་འཕེལ་གླིང་། ཤར་ཁུམ་ཕབ་ལུར་ཆགས་པའི་ཐུབ་བསྟན་ཆོས་གླིང་བཅས་ལ་མཆོད་མཇལ་དང་དེ་དག་གི་གྲྭ་བཙུན་རྣམས་སོ་སོར་མཇལ་འཕྲད་ཀྱིས་གསུང་བཤད་གནང་བ་དང་། ཕྱི་ཚེས་ ༧ ཉིན་ཤར་ཁུམ་སྨད་བདེ་ལེགས་གླིང་གཞིས་ཆགས་སུ་བསྐྱོད་དེ་གུ་རུའི་ལྷ་ཁང་ལ་མཆོད་མཇལ་དང་། ཀུ་ཤུའི་སྡོང་རྭར་གཟིགས་བསྐོར། མི་མང་ལ་གསུང་བཤད་བཅས་གནང་ཡོད་འདུག ཤར་ཁུམ་བུ་སྟོད་སྨད་གཉིས་ཀྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ཟླ་ ༥ ཚེས་ ༡༡ ཉིན་བོད་སྐྱིད་གྲོང་གི་ས་འབྲེལ་ར་སུ་ཝ་དགེ་རྒྱས་གླིང་དུ་བསྐྱོད་དེ། ཐང་མོ་ཆེ་དང་གསེར་ཐང་། འབྲི་འཐིམ། ཁང་ཆེན། ཞབས་རི་བཅས་ཀྱི་ཁ་ཐོར་མི་མང་དང་མཇལ་འཕྲད་དང་གསུང་བཤད་གནང་འདུག

སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་གིས་བལ་ཡུལ་ས་གནས་མཐའ་མཚམས་ཁག་གསུམ་གྱི་ལས་རིམ་རྣམས་གྲུབ་རྗེས། ཕྱི་ཟླ་ ༥ ཚེས་ ༡༤ ཉིན་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ཁུལ་གྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་དང་། ཐོག་མར་འཇོ་ལ་ཁེལ་བསམ་འགྲུབ་གླིང་གཞིས་ཆགས་ནང་གི་རྒས་གསོ་ཁང་དང་། བཟོ་གྲྭ། ཨ་ཏི་ཤ་སློབ་གྲྭ། གངས་ཅན་བདེ་རྩའི་ལས་ཁུངས་བཅས་ལ་གཟིགས་བསྐོར་དང་། དེ་བཞིན་རྒྱལ་ས་འཕགས་ཤིང་ཁྱབ་ཁོངས་རྫ་རོང་ཐུབ་བསྟན་ཆོས་གླིང་། ཁང་པ་དམར་པོ། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་གཡུང་དྲུང་བོན་དགོན། བལ་ཡུལ་བོད་མིའི་སྣེ་ལེན་འབྲེལ་མཐུད་ཁང་། རྣམ་རྒྱལ་འབྲིང་རིམ་སློབ་གྲྭ། ཡང་ལེ་ཤོད་ཀྱི་གྲུབ་ཐོབ་དགོན་པ་དང་། ཇོ་ནང་དགོན་པ། མཚོ་རྒྱལ་དགེ་འཕེལ་ལྗོངས་རྒས་གསོ་ཁང་བཅས་ལ་གཟིགས་བསྐོར་གནང་ཡོད་འདུག དེ་རྗེས་མཆོད་རྟེན་བྱ་རུང་ཁ་ཤོར་དང་འཇོར་པ་ཌི་ཁྱབ་ཁོངས་འབྲུག་པ་བཀའ་བརྒྱུད་ཀྱི་སྒྲུབ་ཁང་ཤར་སྦག་ཁང་དོན་འགྲུབ་སྡིངས་དགོན་པ་དང་། མཆོད་རྟེན་གངས་ཅན་བཟོ་གྲྭའི་གཞིས་ཆགས་བདེ་སྐྱིད་ཁང་གསར། བལ་ཡུལ་རྩིས་ཞིབ་ལས་ཁུངས་དང་། མཆོད་འཇོར་ས་གནས་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། ཀོ་པན་མཁའ་སྤྱོད་དགའ་འཁྱིལ་ཆོས་འཕེལ་གླིང་བཙུན་དགོན་སོགས་ལ་གཟིགས་བསྐོར་དང་། མི་མང་དང་མཇལ་འཕྲད་གནང་སྟེ་གནས་སྟངས་རྒྱུས་ལོན་གནང་འདུག


གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༥ ཚོགས་གནང་བ་དང་། ས་གནས་ཁག་ཏུ་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་གིས་གསུང་བཤད་ཐེངས་ ༡༨ གནང་ཡོད་འདུག ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར་སྤྱི་འཐུས་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས། དེ་བཞིན། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་པའི་ཆོས་དང་རིག་གཞུང་གི་གལ་ཆེའི་རང་བཞིན། བོད་ནང་གི་གནས་ཚུལ་དང་། རྒྱལ་སྤྱིའི་སྟེང་གི་བོད་ཀྱི་གནས་བབ་སྐོར། བོད་དོན་འཐབ་རྩོད་ཀྱི་གནས་སྟངས་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག


ལྷག་པར་དུ་ཐེངས་འདིའི་ས་བགོས་ཕྱོགས་བསྐྱོད་སྐབས་སྤྱི་འཐུས་མཆོག་ཝ་ལུང་ཁུལ་དུ་ཉིན་གྲངས་ ༧ རིང་ཞབས་ཐང་དུ་ཕེབས་ཏེ། མི་མང་ལ་མཇལ་འཕྲད་དང་དུད་ཚང་ཁག་ལ་གཟིགས་ཞིབ་ཀྱིས་མི་མང་གི་གནས་སྟངས་རྒྱུས་ལོན་མཐིལ་ཕྱིན་གནང་ཡོད། ད་རེས་ས་གནས་འདིར་བོད་མི་མང་སྤྱི་འཐུས་གཟིགས་བསྐོར་ཕེབས་པ་དང་པོ་རེད་ཅེས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག རྒྱུན་ལྡན་ས་གནས་འགོ་འཛིན་ཙམ་ལས་རྡ་ས་ནས་མི་སྣ་སུའང་ཕེབས་མྱོང་མེད་སྐོར་ཞུ་མཁན་བྱུང་ཡོད་འདུག

དེ་བཞིན་ཕོ་ལེ་བསམ་འཕེལ་གླིང་དང་། ར་སུ་ཝ་དགེ་རྒྱས་གླིང་གཉིས་ཀྱི་ས་གནས་འགོ་འཛིན་སོ་སོའི་གོ་སྒྲིག་འོག་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་གསར་དུ་བདམས་ཐོན་བྱུང་བ་རྣམས་སོ་སོར་རང་བདེན་ཚོགས་ཆུང་གི་ལས་འགན་ངོ་སྤྲོད་གནང་བ་དང་། དེ་བཞིན་འཇོ་ལ་འཁེལ་དང་། རྒྱལ་ས་འཕགས་ཤིང་། མཆོད་འཇོར་བཅས་ས་གནས་གསུམ་གྱི་ས་འཐུས་རྣམས་སོ་སོོར་ས་གནས་འཐུས་མིའི་ལས་དོན་བྱེད་ཕྱོགས་དང་། ཁྲིམས་དང་སྒྲིག་གཞིའི་སྐོར་ལ་གསུང་བཤད་གནང་ཡོད་འདུག


ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བལ་ཡུལ་དོན་གཅོད་འབྲེལ་མཐུད་ལས་ཁུངས་ནང་། ཐེངས་འདིའི་སྤྱི་འཐུས་མཆོག་གི་བལ་ཡུལ་ནང་གི་ཕྱོགས་སྐྱོད་ཡོངས་སུ་གྲུབ་པ་དང་བསྟུན་ཏེ། ཕྱོགས་བསྐྱོད་ཁྱབ་ཁོངས་ཡོངས་ཀྱི་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྣམ་པ། སྐུ་ཚབ་དོན་གཅོད་འབྲེལ་མཐུད་པ། ཀ་ཐ་མན་གྲུའི་སློབ་གྲྭ་ཆེ་ཁག་བཞིའི་སློབ་སྤྱི། བལ་ཡུལ་གངས་ཅན་བདེ་རྩ་དང་སྣེ་ལེན་འབྲེལ་མཐུད་ཁང་། བལ་ཡུལ་རྩིས་ཞིབ་ལས་ཁུངས། འཕྲོད་བསྟེན་སྨན་ཁང་ཁག་དང་སྨན་རྩིས་ཁང་སོགས་ཀྱིས་དབང་ལྡན་འགན་འཛིན་བཅས་མི་སྣ་ ༣༠ ཙམ་ལྷན་འཛོམས་ཐོག་བལ་ཡུལ་ནང་གི་ས་གནས་ཁག་ཏུ་ཕྱོགས་བསྐྱོད་གནང་པའི་ལས་དོན་དང་མཐོང་ཚོར། དེ་བཞིན། མ་འོངས་བྱེད་ཕྱོགས་བཅས་ཀྱི་ཐོག་གསུང་བཤད་དང་འབྲེལ་ཡོད་སོ་སོར་ལམ་སྟོན། དྲི་བ་དྲིས་ལན་བཅས་གནང་ཡོད་འདུག

དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༤༢ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག ད་རེས་སྤྱི་འཐུས་མཆོག་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །



Menu