སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་གིས་མན་སྤར་ཕན་བདེ་གླིང་གཞིས་ཆགས་དང་། ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་གིས་ཉིན་གྲངས་བཅུའི་རིང་མན་སྤར་ཕན་བདེ་གླིང་གཞིས་ཆགས་དང་། ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྗེས། ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་སྟེ། ཕྱི་ཚེས་ ༡༣ ཉིན་བཞུགས་གནས་སུ་ཕེབས་འབྱོར་གནང་འདུག

དེ་ཡང་སྤྱི་འཐུས་མཆོག་གིས་ཕྱི་ཚེས་ ༢ ཉིན་མན་སྤར་ཕན་བདེ་གླིང་ས་འགོའི་ཁྱབ་ཁོངས་སུད་ཚོང་ས་གནས་སྦི་ལ་ཡི་དང་། ར་ཡི་པུར། སྦི་ལ་ས་པུར་བཅས་སུ་གཟིགས་སྐོར་དང་། མང་ཚོགས་ལ་གསུང་བཤད་བཅས་གནང་བ་དང་། ཕྱི་ཚེས་ ༣ ཉིན་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་དང་། ཕྱི་ཚེས་ ༤ ཉིན་དགོན་སྡེ་ཁག་ལ་མཆོད་མཇལ་ཞུས་རྗེས། གཞིས་ཆགས་མང་ཚོགས་ལ་གསུང་བཤད། དགོང་དྲོ་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་བ་ཞིག་དང་ཐུག་འཕྲད་གནང་ཡོད། ཕྱི་ཚེས་ ༥ ཉིན་མན་སྤར་ཕན་བདེ་གླིང་གཞིགས་ཆགས་ཀྱི་ལས་ཁུངས་ཁག་དང་། སློབ་གྲྭ སྨན་ཁང་གཉིས། རྒན་གསོ་ཁང་། དཔེ་སྟོན་ཞིང་ལས། མཉམ་འབྲེལ་འཕྲུལ་བཟོ་དང་ཐུག་བཟོ་བཅས་ལ་གཟིགས་སྐོར་དང་། དེ་བཞིན་ས་གནས་སུ་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག

ཕྱི་ཚེས་ ༦ དང་ ༧ ཉིན་ཤ་ཌོལ་དང་། ཀ་ཊི་ནི་ས་གནས་སུ་ཡོད་པའི་བོད་མི་སུད་ཚོང་བ་རྣམས་སོ་སོར་ཐུག་འཕྲད་ཀྱིས་གསུང་བཤད་དང་། ཕྱི་ཚེས་ ༩ ཉིན་ཇ་སྦལ་པུར་ས་གནས་བོད་མི་སུད་ཚོང་བ་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་ས་སྒར་དུ་ས་གནས་བོད་མི་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྗེས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ལྷན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༣ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད་འདུག

དེ་ཉིན་དགོང་དྲོ་སྤྱི་འཐུས་མཆོག་ཨུ་ཇེན་ས་གནས་སུ་ཕེབས་འབྱོར་གནང་ཞིང་། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ས་གནས་བོད་མི་སུད་ཚོང་བ་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་དང་། ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཨིན་ཌོར་ས་གནས་བོད་མི་སུད་ཚོང་བ་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྗེས། ཨིན་ཌོར་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་པུ་ཤི་ཡ་མི་ཏ་ར་ བྷར་གྷབ་ (Shri. Pushyamitra Bhargav, Mayor of Indore Municipal Corporation) མཆོག་དང་ལྷན་མཇལ་འཕྲད་བཅས་གནང་སྟེ། ཉིན་གྲངས་བཅུའི་རིང་མན་སྤར་ཕན་བདེ་གླིང་ཁྱབ་ཁོངས་དང་བཅས་པར་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད་པ་བཅས། །