སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་གིས་སྦན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་དང་ཁྱབ་ཁོངས་སུད་ཚོང་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༢༨ ཉིན་ནས་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་གིས་རྒྱ་གར་དབུས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་གཉིས་དང་། དེའི་ཁྱབ་ཁོངས་ས་གནས་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་འགོ་འཛུགས་གནང་ཞིང་། དེ་ཡང་ཐོག་མར་ནག་པུར་ས་གནས་རྫོང་དཔོན་ཕྱག་རོགས་ལྕམ་སྐུ་མ་ཧ་ཝིར་ ཀོ་མེ་ནི་ (Additional Divisional Commissioner Dr. Mahavir Khomeeini Chavare) མཆོག་དང་ལྷན་མཇལ་འཕྲད་ཀྱིས་མངའ་སྡེའི་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ གང་མགྱོགས་ལག་བསྟར་ཡོང་བའི་རེ་སྐུལ་སོགས་ཞུས་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་།

དེ་བཞིན་སྤྱི་འཐུས་མཆོག་གིས་བོད་དོན་ཐོག་རྒྱུས་མངའ་ཆེན་པོ་ཡོད་མཁན་སྐུ་ཞབས་ཨ་ཤོག་ མན་ཌེལ་ (Ashok Mendel, Vice President of People’s Democratic Movement and Vice Chairman of All India Scheduled Caste and Tribes) ལགས་དང་ལྷན་མཇལ་འཕྲད་གནང་ཡོད། ཕྱི་ཚེས་ ༢༩ ཉིན་ནག་པུར་བོད་མིའི་སུད་ཚོང་ས་གནས་ཁག་ལ་གཟིགས་སྐོར་དང་། མི་མང་ཐུག་འཕྲད་བཅས་གནང་ཡོད།

ཕྱི་ཚེས་ ༣༠ ཉིན་ཅན་དར་པུར་ལ་ཡོད་པའི་སུད་ཚོང་ས་གནས་མི་མང་ཐུག་འཕྲད་དང་། གསུང་བཤད་བཅས་གནང་རྗེས། ནོར་རྒྱས་གླིང་གཞིས་ཆགས་སུ་ཟམ་པ་གསར་བཟོའི་ལས་གཞིར་གཟིགས་ཞིབ་དང་། ཉིན་རྗེས་མར། སྦན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་མང་ཚོགས་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་དང་། གཞིས་ཆགས་ནང་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལ་མཆོད་མཇལ། དེ་བཞིིན་ས་གནས་སློབ་གྲྭ་དང་། རྒས་གསོ་ཁང་། གཞིས་གྲོང་ནང་ཁུལ་འགྲོ་ལམ་གསར་བསྐྲུན་བཅས་ལ་གཟིགས་སྐོར་གནང་རྗེས། སྦན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་ཁྱབ་ཁོངས་དང་བཅས་པར་གཞུང་འབྲེལ་ལས་དོན་ཁག་ལེགས་གྲུབ་བྱུང་ཡོད།

ཕྱི་ཟླ་ ༡༢ ཚེས་ ༢ ནས་འགོ་འཛུགས་ཏེ་མན་སྤར་ཕན་བདེ་གླིང་གཞིས་ཆགས་དང་། ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་བཅས། །