༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༠ ནས་ཕྱི་ཟླ་ ༡༡ ཚེས་ ༣ བར་ཉིན་གྲངས་ ༡༥ ཙམ་རིང་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་དང་ཁྱབ་ཁོངས་ས་གནས། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས། ཀ་སྦུག་དང་ཁྱབ་ཁོངས་ས་གནས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་སྟེ། ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོ་བཞུགས་གནས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཕེབས་འབྱོར་གནང་ཡོད།
དེ་ཡང་སྤྱི་འཐུས་མཆོག་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་བཞུགས་གནས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ལ་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་སྦེང་ལོར་ནས་བྷག་ཌོ་རར་ (Bagdora) ཕེབས་འབྱོར་སྐབས་སྒང་ཏོག་ས་གནས་འགོ་འཛིན་ནས་སྣེ་ལེན་དང་། དེ་ནས་སྒང་ཏོག་ཏུ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་འབྱོར་མཚམས་ས་འགོའི་ལས་བྱེད་དང་། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། ཆོལ་གསུམ་སྐུ་ཚབ་སོགས་ནས་སྣེ་ལེན་ཞུས་གནང་ཡོད་འདུག
ཕྱི་ཚེས་ ༢༢ ཉིན་ནས་སྒང་ཏོག་ཁུལ་གྱི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་འབྲས་ལྗོངས་བྱང་དུ་ཡོད་པའི་ས་གནས་ཐང་གུ་ཞེས་པར་ཆེད་ཕེབས་དང་། དེ་ནས་རིམ་པས་ཕྱི་ཚེས་ ༢༤ བར་གུ་རུ་གདོང་དམར་དང་། ཚ་སྟེང་། མུ་ཤི་ཐང་། ལ་ཆུང་། ཆུང་ཐང་། སྤ་གོང་བཅས་ཀྱི་ས་གནས་སོ་སོར་ཕེབས་ཏེ་མི་མང་གི་གནས་སྟངས་གཟིགས་ཞིབ་དང་། བྱང་ཤར་འབྲོག་ཁྱིམ་ཁ་འཐོར་མི་མང་རྣམས་སོ་སོར་མཇལ་འཕྲད་ཀྱིས་གསུང་བཤད་དང་། དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག
འབྲས་ལྗོངས་མངའ་གཞུང་གི་གྲོང་སྡེ་ཡར་རྒྱས་དང་། ཆོས་དོན་བློན་ཆེན་བསོད་ནམས་བླ་མ་མཆོག
ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ་སྒང་ཏོག་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ངོ་ཡོད་ ༡༥ ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཤིང་། སྐབས་དེར་སྤྱི་འཐུས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱོན་ཡོངས་སྐོར་འགྲེལ་བརྗོད་དང་། དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་སྒང་ཏོག་ཁུལ་བཞུགས་རང་རིགས་མི་མང་དྲུག་ཅུ་སྐོར་ཚང་འཛོམས་ཐོག་གསུང་བཤད་དང་། དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། སྤྱི་འཐུས་མཆོག་གིས་མངའ་གཞུང་གི་གྲོང་སྡེ་ཡར་རྒྱས་དང་། ཆོས་དོན་བློན་ཆེན་བསོད་ནམས་བླ་མ་ (Sonam Lama,Minister of Rural Management & Development, Panchayati Raj & Cooperative and Ecclesiastical affairs) མཆོག་གི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ཁོང་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་ཁོང་ཉིད་བློན་ཆེན་དུ་བསྐོ་གཞག་བྱུང་བར་འཚམས་འདྲི་དང་། ཁོང་གི་གཟིགས་སྐྱོང་འོག་རིས་མེད་ཆོས་ལུགས་རྣམས་སྔར་ལྷག་ཡར་རྒྱས་ཆེ་བར་འགྲོ་བའི་རེ་བ་དང་སྨོན་འདུན་ཞུ་གི་ཡོད་ཅེས་དང་། དེ་བཞིན་འདིར་ཡོད་ས་གནས་འགོ་འཛིན་ནས་བོད་མིའི་བདེ་སྡུག་དང་འབྲེལ་གནད་དོན་ཇི་ཞུས་ཐོག་མཐུན་འགྱུར་རོགས་རམ་ཇི་དགོས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་དང་། སྐུ་ཞབས་ཁོང་ནས་སྤྱི་འཐུས་མཆོག་འཚམས་ཞུར་ཕེབས་པར་དགའ་པོ་བྱུང་ཞེས་དང་། རིས་མེད་ཀྱི་ཆོས་ལུགས་ཚང་མར་བཏང་སྙོམས་གནང་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན་སྐོར། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། ཁོང་རྣམ་པ་གཉིས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཞུའི་ཆེད་དུས་ཚོད་བསྩལ་ཐོབ་བྱུང་ཡང་མངའ་སྡེའི་ནང་བར་མའི་འོས་བསྡུས་རྐྱེན་པས་བཅར་ཐུབ་མ་བྱུང་བའི་སྐོར་སོགས་གསུངས་གནང་ཡོད་འདུག
དེ་རྗེས་གོང་གསལ་བྱང་ཁུལ་གནས་པའི་རང་རིགས་འབྲོག་པ་ཚོས་འབོད་བསྐུལ་གནང་བ་གཞིར་བཟུང་། སྤྱི་འཐུས་མཆོག་སེ་ར་འགྲོ་དོན་གླིང་དགོན་པར་ཆེད་བཅར་གྱིས་གྲྭ་བཙུན་སུ་ཡང་མེད་པའི་ས་གནས་དེར་རང་རིགས་ཚེ་འདས་སོགས་སྐབས་དགེ་འདུན་པ་བསྔོ་སྨོན་ཆེད་གཏོང་རྒྱུ་སྒུག་ཐོའི་ནང་མ་བཞག་པར་དམིགས་བསལ་དགོངས་བཞེས་ཀྱིས་ཁོང་ཚོའི་རེ་འདུན་བཞིན་དགེ་འདུན་པ་ནམ་མཁོའི་སྐབས་གཏོང་གནང་ཡོང་བའི་རེ་འདུན་ཞུས་པར་ཞལ་བཞེས་བཟང་པོ་ཐོབ་ཡོད་འདུག་པ་དང་། རིམ་པས་རུམ་བཏེགས་དགོན་པ་དང་། དཔལ་༧རྒྱལ་བ་ཀརྨ་པ་སྐུ་གོང་མའི་སྐུ་གདུང་གཙོ་རྒྱུར་གནས་རྟེན་ཁག་ལ་མཆོད་མཇལ་ཞུས་གནང་རྗེས། ཉིན་གྲངས་ ༤ རིང་གི་སྒང་ཏོག་ཁུལ་གྱི་ལས་རིམ་མཇུག་བསྒྲིལ་གནང་ཡོད།
ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་སྒང་ཏོག་ནས་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་ཕེབས་འབྱོར་སྐབས། ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོས་དབུས་ས་གནས་ཀྱི་ལས་སྣེ་འགན་ཁུར་བ་ཡོངས་ནས་སྣེ་ལེན་དང་། དེ་ནས་ས་གནས་ལས་ཁུངས་ཁག་ལ་གཟིགས་བསྐོར་གནང་ཡོད་འདུག
ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་གཞིས་དགོན་ཐུབ་བསྟན་དར་རྒྱས་གླིང་དུ་མཆོད་མཇལ་ཞུས་རྗེས། ས་གནས་སམ་བྷོ་ཊ་ཉིན་སློབ་ཏུ་ཆེད་ཕེབས་ཀྱིས་དགེ་སློབ་ཡོངས་ལ་ད་ཆ་སློབ་གྲྭ་རང་ཕྱོགས་ནས་རྩིས་བཞེས་ཟིན་པ་དང་། སློབ་གྲྭའི་གད་པ་དང་ཡིག་བསྐྱེལ་ཕུད་གཞན་དགེ་ལས་རྣམས་བོད་རིགས་ཡིན་སྟབས་ཚང་མས་རང་མི་རང་ལས་ཡིན་པ་ངོས་འཛིན་གྱིས་ལྷག་བསམ་རྣམ་དག་ཐོག་འབད་བརྩོན་གནང་དགོས་རྒྱུའི་འབོད་སྐུལ་སོགས་ཀྱི་གསུང་བཤད་དང་། དེ་ནས་འཛིན་གྲྭ་རེ་རེའི་ནང་གཟིགས་ཞིབ། དགེ་སློབ་ཡོངས་དང་ཕ་མའི་ཚོགས་ཆུང་བཅས་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་བ་དང་། དེ་ནས་༧སྐྱབས་རྗེ་གོཽ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་དགོན་པ་ར་ལང་དཔལ་ཆེན་ཆོས་གླིང་ལ་མཆོད་མཇལ་དང་། རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་སྤྱི་འཐུས་མཆོག་གིས་བོད་མི་མང་སྤྱི་ལྷན་དང་སྒེར་ངོས་ནས་རིན་པོ་ཆེ་མཆོག་བསྟན་དོན་དུ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་པར་ཐུགས་དགྱེས་འཚོར་ཆེན་པོའི་ངང་གུས་ཚོར་ཐུགས་སྨོན་འཚམས་སྦྱོར་བཀའ་དྲིན་བསྐྱངས་གནང་ཡོད་པ་དང་། གཞན་ཡང་དགོན་པའི་མཁན་པོ་དང་། སློབ་སྤྱི་དགེ་བསྐོས་བཅས་དང་ལྷན་བོད་བརྒྱུད་ནང་བསྟན་སྤྱིའི་སྐོར་བཀའ་མོལ་གནང་། ཉིན་རྒྱབ་བོན་དགོན་གཡུང་དྲུང་ཀུན་གྲགས་གླིང་དུ་མཆོད་མཇལ་དང་། ས་གནས་སྨན་རྩིས་ཁང་ལ་གཟིགས་ཞིབ་བཅས་གནང་ཡོད་འདུག
༧སྐྱབས་རྗེ་གོཽ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག
ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ས་འགོ་དང་། ས་འཐུས་ཚོགས་གཙོ། རང་བདེན་ཚོགས་གཙོ། དགོན་པའི་ལས་སྣེ། ཉིན་སློབ་དགེ་ཆེ། གཞིས་གྲོང་བདུན་གྱི་བརྒྱ་དཔོན། ས་གནས་གཞོན་ནུ་དང་བུད་མེད་ཚོགས་གཙོ་བཅས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཤིང་། སྐབས་དེར་སྤྱི་འཐུས་མཆོག་གིས་བོད་མིའི་སྒྲིག་འཛུགས་སྐོར་དང་། གཏན་འབེབས་གནང་བའི་གལ་ཆེའི་སྲིད་བྱུས་ཁག་འགྲེལ་བརྗོད། སྤྱི་འཐུས་ལྷན་ཚོགས་ནས་བོད་མི་མང་གི་བདེ་དོན་འགན་ཁུར་གནང་ཕྱོགས་བཅས་ཀྱི་ཐོག་འགྲེལ་བརྗོད་གནང་རྗེས། ཉིན་གསུམ་རིང་གི་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་ལས་རིམ་མཇུག་བསྒྲིལ་གནང་ཡོད།
ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་ནས་ཀ་སྦུག་ཏུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་འགོ་དང་། ས་འཐུས་ཚོགས་གཙོ། རང་བདེན་ཚོགས་གཙོ། གཞོན་ནུ་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ། ས་གནས་ཆོལ་གསུམ་ཚོགས་པའི་ཚོགས་གཙོ་རྣམ་པ། སློབ་སྤྱིའི་ལས་དྲུང་སོགས་ནས་སྣེ་ལེན་ཞུས་གནང་ཡོད་པ་དང་། ཉིན་རྒྱབ་སྤྱི་འཐུས་མཆོག་གིས་མི་གྲངས་ ༥༠ སྐོར་འདུ་འཛོམས་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། རྒས་གསོ་ཁང་དུ་གཟིགས་ཞིབ་དང་། རྒན་འཁོགས་ཚོས་ཞལ་གཅིག་གྲགས་ལྟ་བུས་ཞབས་ཞུ་བ་རྣམས་ལ་བསྔགས་བརྗོད་དང་ཟས་གོས་གནས་མལ་བཅས་ཐོག་ཐུགས་ཡིད་འཚིམས་པའི་རྣམ་པ་མངོན་འདུག་པར། སྤྱི་འཐུས་མཆོག་གིས་ཞབས་ཞུ་བ་རྣམས་ལ་ད་དུང་ཡང་༧རྒྱལ་བའི་བཀའ་དགོངས་བཞིན་ལྷག་བསམ་རྣམ་དག་ཐོག་བགྲེས་སོང་རྣམས་མི་ཚེའི་མཐའ་མཇུག་བློ་བདེ་བག་ཕེབས་ངང་བསྐྱེལ་ཐབས་སུ་གཟིགས་སྐྱོང་སྔར་ལྷག་ཡོང་བའི་འབོད་སྐུལ་ཞུས་རྗེས། ས་གནས་གཞིས་འགོ་ལས་ཁུངས་སུ་གཟིགས་བསྐོར་གནང་ཡོད་པ་དང་། ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ལ་ཝར་ཕེབས་ཏེ་རང་རིགས་རྣམས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་རྗེས། ས་གནས་སུ་རྟེན་གཞི་བྱས་པའི་བཀའ་བརྒྱུད་ཐེག་ཆེན་གླིང་དགོན་པ་དང་། ཨོ་རྒྱན་སྨིན་གྲོལ་བསམ་གཏན་གླིང་རྙིང་མའི་དགོན་པ། རྒྱུད་སྟོད་ཡན་ལག་དགོན་བཅས་ལ་མཆོད་མཇལ་དང་། ཨལ་གྷར་དང་པད་མདོང་ཁུལ་གནས་རང་རིགས་མང་ཚོགས་རྣམས་ལ་གསུང་བཤད་གནང་ཡོད་འདུག
ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་ཀ་སྦུག་གཏན་སློབ་ཏུ་ཆེད་ཕེབས་གནང་བ་དང་། སྐབས་དེར་སློབ་གྲྭའི་དགེ་སློབ་ཡོངས་ནས་རྔ་རོལ་དང་བཅས་སྣེ་ལེན་དང་། དེ་ཉིན་རྒྱ་གར་གྱི་སྲིད་བློན་གཞོན་པ་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་དང་པོ་ས་རྡར་པ་ཊེལ་ (Sardar Patel) དམ་པ་མཆོག་གི་འཁྲུངས་སྐར་འཁེལ་སྟབས། རྒྱ་གར་དབུས་གཞུང་ནས་རྒྱལ་ནང་ཆིག་སྒྲིལ་ཉིན་མོ་ (National Unity Day) སྲུང་བརྩི་བྱ་རྒྱུར་ཡོངས་བསྒྲགས་གནང་བ་བཞིན། སློབ་གྲྭར་མཛད་སྒོ་ཞིག་འཚོགས་ཤིང་། སྐབས་དེར་སྤྱི་འཐུས་མཆོག་གིས་གསུང་བཤད་གནང་དོན། ང་རང་སློབ་གྲྭ་འདིར་དང་པོའི་སློབ་འགོ་བཙུགས་ས་ཡིན་པའི་ཆ་ནས་ད་རེས་དངོས་སུ་བཅར་ཐུབ་པར་དམིགས་བསལ་དགའ་ཚོར་བྱུང་ཞེས་དང་། སློབ་ཕྲུག་སྐབས་ཀྱི་གནས་སྟངས་དྲན་གསོ་དང་མིག་ལམ་དུ་འཆར་སྐོར། ལྷག་པར་གོ་སྐབས་འདི་བརྒྱུད་འདས་པ་དང་ད་ལྟ་ཕྱག་ལས་གནང་བཞིན་པའི་རྒྱ་གར་དགེ་རྒན་རྣམ་པར་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ད་གལ་ཆེ་ཡིན་སྐོར། སློབ་ཕྲུག་རྣམས་ནས་བཟང་སྤྱོད་ལྡན་པའི་ཐོག་སློབ་སྦྱོང་ཐོག་འབད་སྤུངས་དགོས་པའི་འབོད་སྐུལ་ཞུས་གནང་བ་དང་། གཞན་ཡང་མཛད་སྒོའི་ཐོག་སྤྱི་འཐུས་མཆོག་གིས་ (National vigilance week) ཞེས་པ་དབུ་འབྱེད་དང་། སློབ་གྲྭའི་ལོ་འཁོར་རྩེད་འགྲན་ཨང་ཐོབ་རྣམས་ལ་བྱ་དགའ་ཕུལ་གནང་རྗེས། སློབ་གྲྭའི་འཛིན་གྲྭ་དང་ཉལ་ཁང་སོགས་ལ་གཟིགས་བསྐོར་དང་། དེ་རྗེས་སམ་བྷོ་ཊ་སྔོན་འགྲོའི་འཛིན་གྲྭར་གཟིགས་བསྐོར། དེ་ནས་དགེ་ལྡན་ཐར་པ་ཆོས་གླིང་ལ་མཆོད་མཇལ་དང་། འཕགས་བོད་ནང་པའི་རིག་གནས་སློབ་གཉེར་ཁང་ལ་གཟིགས་བསྐོར། ཉིན་རྒྱབ་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གི་གཟིམ་ཤག་ཏུ་འཚམས་འདྲིར་ཆེད་ཕེབས་ཀྱིས། ཆུ་ཚོད་གཅིག་ལྷག་རིང་ལོ་རྒྱུས་ནས་འཕྲོས་པའི་གནད་དོན་མང་པོ་དེ་སྔ་གོ་ཐོས་མེད་པ་ལོང་བར་མིག་སྦྱིན་ལྟ་བུའི་བཀའ་སློབ་དང་ལམ་སྟོན་ཁ་གསལ་བཀའ་དྲིན་བསྐྱངས་གནང་འདུག་པ་དང་། དེ་རྗེས་ས་སྐྱ་བརྩེ་ཆེན་འཕྲིན་ལས་གླིང་དང་། ཟེ་དཀར་ཆོས་སྡེ། ཀ་སྦུག་སྲད་རྒྱུད་གྲྭ་ཚང་བཅས་ལ་མཆོད་མཇལ་ཞུས་གནང་ཡོད་འདུག
ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཀ་སྦུག་ནས་རྗའེ་སྒང་རྒྱ་འབྲུག་ས་མཚམས་སུ་ཕེབས་ཐོན་དང་། སྔ་དྲོ་ཨོག་ལ་སྦ་རིར་ཕེབས་འབྱོར་གནང་སྟེ། ཁ་འཐོར་ཁྱིམ་ཚང་བཅུ་སྐོར་ཡོད་པ་མཇལ་འཕྲད་ཀྱིས་གསུང་བཤད་དང་། ཉིན་རྒྱབ་རྗའེ་སྒང་མི་འཐུས་བཅུ་སྐོར་ལ་མཇལ་འཕྲད་ཀྱིས་གསུང་བཤད་གནང་བ་མ་ཟད། མི་མང་ནས་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་རྗའེ་སྒང་ནས་ས་ལུ་སྒ་རར་ཕེབས་འབྱོར་གནང་ཡོད་པ་དང་། དེ་ནས་བྱང་ཆུབ་ཆོས་གླིང་མྱུང་གནས་ལྷ་ཁང་དུ་མཆོད་མཇལ་དང་། དེར་འཛོམས་པའི་མི་གྲངས་ཉི་ཤུ་སྐོར་ལ་གསུང་བཤད་གནང་རྗེས། གོང་གསལ་ས་གནས་ཁག་གི་ལས་རིམ་མཇུག་སྒྲིལ་གནང་ཡོད།
གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༣ དང་། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་གིས་གསུང་བཤད་ཐེངས་ ༡༥ ཙམ་གནང་ཡོད། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་། ལྷག་པར་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ནང་གནད་དོན་ཇི་བྱུང་དང་གྲོས་ཆོད་ཇི་བྱུང་སྐོར། འཛིན་སྐྱོང་དང་འབྲེལ་བའི་སྲིད་བྱུས་དང་ལས་དོན། བུད་མེད་ནུས་ཤུགས་སྤེལ་ཐབས་ཀྱི་སྲིད་བྱུས་དང་མི་འབོར་འཕར་ཚད་ཆེ་རུ་འགྲོ་དགོས་པའི་དམིགས་ཡུལ་དང་དགོས་པ། ཤེས་ཡོན་གོང་འཕེལ་དང་ལྷག་པར་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་གཅེས་སྲུང་བཀོལ་སྤྱོད་དགོས་གལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་བོད་ཀྱི་བདེན་མཐའ་མ་གསལ་བར་གནས་དགོས་སྟབས། སྲི་ཞུ་བ་ཚད་ལྡན་རང་མི་རང་ལས་བྱེད་དགོས་པར་ཕ་མ་སོ་སོའི་ངོས་ནས་ཕྲུ་གུ་ཕོ་མོ་ཁྱད་མེད་གཅིག་གཞུང་ཞབས་ཁོངས་གཏོང་ཐབས་དགོས་གལ། དེ་བཞིན་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་དགོས་དམིགས་དང་། རྒྱལ་ཁབ་ཁག་མི་འདྲ་བ་ཇི་ཙམ་ནས་ཚོགས་མི་གྲངས་འབོར་ཇི་ཙམ་ཕེབས་ཡོད་ལུགས། གྲོས་གཞི་དོན་ཚན་གཉིས་ཐོག་དགོངས་འཆར་ཇི་བྱུང་། ལྷག་པར་༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མིའི་དབར་གྱི་འབྲེལ་བ་ཞེས་པའི་གྲོས་གཞིའི་ཐོག་མཐའ་བསྡོམས་གྲོས་ཆོད་ཡིག་ཐོག་ཀྱི་རྒྱབ་ལྗོངས་ཀྱི་གནས་ལུགས་དང་དམིགས་ཡུལ་དགོས་པ་རྒྱུ་མཚན་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཉིན་གྲངས་ ༡༥ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། སྤྱི་འཐུས་མཆོག་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །