སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་དང་། མེ་སོར། མེང་ལོར། སྦེང་ལོར་བཅས་ཀྱི་བོད་མིའི་གནས་ཡུལ་ཁག་ལ་འཚམས་གཟིགས་སུ་ཕེབས་པ།

img_0895

 

ཐེངས་འདིའི་འཚམས་གཟིགས་ཕྱོགས་ཕེབས་གནང་ཡུལ་ནི་ལྷོ་སྤྱི་ཁྱབ་ཁོངས་ཀྱི་སྦེབ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་དང་། མེ་སོར། མེང་ལོར། སྦེང་ལོར་བཅས་སུ་ཡོད་པའི་མཐོ་སློབ་དང་། མཉམ་འབྲེལ་སྡེ་ཚན། དགོན་སྡེ་ཁག གཞིས་ཆག་སློབ་གྲྭ གཏན་སྡོད་སུད་ཚོང་། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་། ས་གནས་སྨན་རྩིས་ཁང་དང་། ཀ་རུ་ན་དམིགས་བསལ་སློབ་གྲྭ་བཅས་ཀྱི་གནས་སྟངས་རྒྱུས་ལོན་གནང་ཡོད་པ་སོགས་ཡིན་འདུག འཚམས་གཟིགས་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་གསུང་བཤད་དང་བཞུགས་མོལ་ཚོགས་འདུ་བཅས་གནང་ཡོད་པ་དང་། ཐེེངས་འདིའི་ཕྱོགས་ཕེབས་འཚམས་གཟིགས་སྐབས་ཀྱི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་བཅས་སྐོར་ལ་གསུང་བཤད་གནང་བ་དང་། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མི་མང་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་གསུང་བཤད་གནང་འདུག

img_0628            img_0918-copy

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ས་གནས་སུ་གནས་པའི་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་ཀྱང་མཇལ་འཕྲད་ཞུས་གནང་ཡོད་པ་ནི། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ B.S Yeddyurpa མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་ BJP འཐུས་མི་སྐུ་ཞབས་ P.C Mohan མཆོག མངའ་སྡེའི་ནང་སྲིད་བློན་ཆེན་དང་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་འབུམ་རམ་པ་སྐུ་ཞབས་ Dr G.Parameshwara མཆོག་དང་། མངའ་སྡེའི་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་ཀོང་རེ་སི་ཚོགས་པའི་མངའ་སྡེའི་ཚོགས་གཙོ་སྐུ་ཞབས་ Dinesh Gundurao མཆོག་བཅས་མཇའ་འཕྲད་ཞུས་ནས་བོད་མིའི་གནས་བབ་སོགས་ཀྱིི་སྐོར་ཞུས་གནང་འདུག

དེ་བཞིན་མི་མང་དང་སློབ་ཕྲུག་ཁུངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྐོར་སྙན་ཞུ་དང་། སྤྱི་འཐུས་རྣམ་གཉིས་དང་མི་མང་བར་ཕན་ཚུན་བགྲོ་གླེང་གིས་གྲོས་བསྡུར་དང་། བསམ་ཚུལ་བརྗེ་ལེན། ཐག་གཅོད་ལམ་སྟོན་གནང་བ། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མཉམ་ལས་སྡེ་ཚན་ཁག་དང་། སློབ་གྲྭ་ཁག་གི་གནས་སྟངས་ཐོག་རྟོག་ཞིབ་བཅས་གནང་སྟེ་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ཉེ་ཤུ་ཙམ་རིང་རྟོག་ཞིབ་དང་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་འདུག་ཅིང་། ད་རེས་སྤྱི་འཐུས་རྣམ་གཉིས་འཚམས་གཟིགས་སུ་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་བཀའ་དྲུང་ཡིག་ཚང་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།