༄༅། ། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་གྱི་མངའ་སྡེ་ཨ་སམ་དང་། ཨ་རུ་ན་ཅལ། མེ་གྷ་ལ་ཡ། ན་གྷ་ལན་ཌི་བཅས་ཀྱི་མངའ་སྡེ་ཁག་ནང་ཡོད་པའི་བོད་མིའི་འདུ་སྡོད་ཁག་ཏུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད་འདུག
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༨ ཉིན་སྤྱི་འཐུས་རྣམ་གཉིས་ནས་ཤིས་ལོངས་རང་རིགས་བོད་མིའི་ས་གནས་སུ་གཞུང་འབྲེལ་གཟིགས་སྐོར་གྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་མེ་གྷ་ལ་ཡ་མངའ་སྡེའི་གྲོང་ཁྱེར་ཤིས་ལོངས་སུ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ ཌོ་ནལ་ཌ་ པིས་ལེབ་ས་ ཝ་ལངས་ (Shri Donald Phillips Wahlang, IAS, Chief Secretary to the Govt. of Meghalaya) མཆོག་གི་ལས་ཁུངས་སུ་ཁོང་དང་ལྷན་མཇལ་འཕྲད་གནང་སྐབས་སྣེ་ལེན་གཟབ་རྒྱས་ངང་ལྷོད་མཇལ་གནང་འདུག
སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཡོངས་ཁུངས། ལས་དོན་བྱེད་ཕྱོགས། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་གནས་སྟངས་སྐོར། ཧིན་བོད་བར་གྱི་འབྲེལ་ལམ། ཡར་ཀླུང་གཙང་པོ་སོགས་བོད་ཀྱི་ཆུ་བོ་ཆེན་པོ་ཁག་གིས་རྒྱ་གར་དང་། བྷང་ལ་དེ་ཤི་སོགས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་སྐོར་ཞུས་འདུག
དེ་བཞིན་སྤྱི་འཐུས་རྣམ་གཉིས་ནས་མུ་མཐུད་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མིར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སླད་མར་ཡང་མངའ་སྡེའི་གཞུང་ནས་སྔར་ལྷག་བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་བར། སྤྱི་ཁྱབ་དྲུང་ཆེ་མཆོག་ནས་བོད་མིར་རྒྱབ་སྐྱོར་ཡོད་པའི་ངོས་བཞེས་གནང་བ་མ་ཟད། སྤྱི་འཐུས་རྣམ་པ་གཉིས་ལ་ཕྱག་རྟགས་གནང་བ་དང་། བོད་དོན་སྐོར་བཀའ་འདྲི་གནང་བར་དྲིས་ལན་ཞིབ་ཕྲ་ཕུལ་ཡོད་འདུག སྐབས་དེར་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ཀྱང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ཕྱག་དེབ། བོད་རང་བཙན་ཡིན་པའི་དཔང་རྟགས་ཞྭ་སྒབ་པའི་ཕྱི་སྐྱོད་ལག་ཁྱེར་གྱི་འདྲ་བཤུས། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ངོ་སྤྲོད་དེབ་ཆུང་། བོད་སྤྱི་ཡོངས་ཀྱི་ངོ་སྤྲོད་ཡིག་ཆ། སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་ཡིག་ཆ་སོགས་ཕུལ་གནང་འདུག མཇལ་འཕྲད་སྐབས་ཤིས་ལོངས་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། ལས་དྲུང་བཅས་མཉམ་ཞུགས་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ས་གནས་ཤིས་ལོངས་ཀྱི་ལས་རིམ་ཁག་གྲུབ་ཟིན་རྗེས། ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པར་ལམ་ཞུགས་ཀྱིས་བསྟན་འཛིན་སྒང་དུ་ཕེབས་ཐོན་གནང་ཡོད་པ་བཅས།