སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་ཨ་སམ་གྷོ་ཝ་ཧ་ཀྲིར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ། 

༄༅། ། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་གྱི་མངའ་སྡེ་ཨ་སམ་དང་། ཨ་རུ་ན་ཅལ། མེ་གྷ་ལ་ཡ། ན་གྷ་ལན་ཌི་བཅས་སུ་ཡོད་པའི་བོད་མིའི་འདུ་སྡོད་ཁག་ཏུ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་དབུ་འཛུགས་ཞུས་ཟིན་པ་དང་། དེ་ཡང་ཁ་སང་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༥ ཉིན་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཧ་ཀྲིར་ཕེབས་འབྱོར་བྱུང་བ་དང།  སྐབས་དེར་ཤིས་ལོངས་ས་གནས་འགོ་འཛིན་བསྟན་འཛིན་བསམ་ཏན་ལགས་ནས་གནམ་ཐང་དུ་སྤྱི་འཐུས་རྣམ་གཉིས་ཕེབས་བསུར་བཅར་ཡོད་འདུག

སྤྱི་འཐུས་རྣམ་གཉིས་ས་གནས་སུ་ཕེབས་འབྱོར་མཚམས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་བཀྲ་ཤིས་བདེ་སྐྱིད་ལགས་ནས་གྲོང་ཁྱེར་གྷོ་ཝ་ཧ་ཀྲིའི་ (PWD Convention and Training Center) ཞེས་པའི་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་འདུ་འཛོམས་སུ་ཆེད་བཅར་གནང་ཡོད་པ་དང་།  འདུ་འཛོམས་ཐོག་གྷོ་ཝ་ཧ་ཀྲིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གསུམ་སྟེ་ (Bharat Tibbat Sangh) དང་། (Bharat Tibbat Samanvay Sangh) དང་། (Bharat Tibbat Sahyog Manch) བཅས་ནས་ཡིན་པའི་ཚོགས་མི་བཅུ་གྲངས་ཤིག་མཉམ་ཞུགས་གནང་འདུག

སྤྱི་འཐུས་རྣམ་གཉིས་ནས་འདུ་འཛོམས་དེའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམས་དང་ལྷན་དུ་དྲི་བ་དྲིས་ལན་དང་། དགོངས་ཚུལ་བརྗེ་ལེན་གྱི་ལས་རིམ་ཞིག་བསྐྱངས་འདུག་པ་དང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་། དེ་བཞིན་ད་ལྟའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་སོགས་སྐོར་ལ་ངོ་སྤྲོད་གནང་འདུག་པ་མ་ཟད། རྒྱ་གར་གཞུང་ནས་མུ་མཐུད་བོད་ཀྱི་རྩ་དོན་འཐབ་རྩོད་དང་། བོད་མི་རྣམས་ལ་སྔར་ལྷག་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

གཞན་ཡང་། སྤྱི་འཐུས་རྣམ་གཉིས་ནས་ས་གནས་སུ་རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་ལས་བྱེད་གཞན་དང་མཇལ་འཕྲད་གནང་སྟེ། ཨ་སམ་མངའ་སྡེའི་གཞུང་ནས་བཙན་བྱོལ་བོད་མིར་སྤྱི་ཡོངས་ཀྱི་ཆ་ནས་མཐུན་འགྱུར་དང་། རོགས་རམ་གནང་དགོས་གལ་སྐོར་ཞུ་སྐུལ་དང་། རྒྱ་ནག་གཞུང་གི་ཡར་ཀླུང་གཙང་པོ་ཁ་སྒྱུར་གྱི་ལས་འཆར་དང་དེས་རྒྱ་གར་ཡུལ་མིའི་འཚོ་གནས་ལ་དོ་ཕོག་ཇི་ལྟར་འགྲོ་གི་ཡོད་མེད། རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་རྩོད་རྙོག་སློང་བཞིན་པའི་གནད་དོན་རྣམས་རྒྱ་གར་སྤྱི་ཚོགས་ནང་གོ་རྟོགས་སྤེལ་ཏེ་བོད་ཀྱི་རྩ་དོན་འཐབ་རྩོད་ལ་རྒྱབ་སྐྱོར་དགོས་གལ་སྐོར་ཞུས་འདུག

སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་ཏུ་ཤིས་ལོངས་ས་གནས་སུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་དང་། དེ་རྗེས་རིམ་པས་བསྟན་འཛིན་སྒང་དང་། འབུམ་སྡེ་ལ། རྟ་དབང་། དྷི་རང་། ཀོ་ཧི་མ། དྷི་མ་པུར་བཅས་སུ་མུ་མཐུད་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད།