སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་རྣམ་གཉིས་ཀྱིས་བྱང་ཐང་འབྲོག་སྡེ་ཁག་དགུ་དང་ཀ་ཤི་མུར་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། །སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༨ ཚེས་ ༢༣ ནས་ཕྱི་ཟླ་ ༩ ཚེས་ ༡༠ བར་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ལ་དྭགས་སླེ་བྱང་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལས་བགོས་ཕྱོགས་བསྐྱོདཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་སྟེ་ཕྱི་ཚེས་ ༡༡ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད་འདུག

དེ་ཡང་སྤྱི་འཐུས་རྣམ་གཉིས་ནས་ལ་དྭགས་སླེ་ཁུལ་ལ་གཟིགས་བསྐོར་གྲུབ་མཚམས། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣ ཉིན་གྱི་སྔ་དྲོ་ནས་ལ་དྭགས་བྱང་ཐང་འབྲོག་སྡེ་ཁག་དགུ་ལ་གཟིགས་བསྐོར་ཕེབས་གནང་ཡོད་པ་དང་། དེའི་སྐབས་ས་འཐུས་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་དང་། ལ་སྤྱི་ཚེ་རིང་དབང་ཕྱུག་ལགས། ལ་བྱང་འབྲེལ་མཐུད་སྐུ་ངོ་དོན་གྲུབ་རྒྱལ་པོ་བཅས་ཀྱིས་ལྷན་བཅར་ཞུས་གནང་ཡོད་པ་དང་། ས་གནས་ཁག་ལ་ཕེབས་འབྱོར་མཚམས་ས་གནས་མི་མང་ནས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད་འདུག

སྤྱི་འཐུས་རྣམ་གཉིས་ནས་ལ་དྭགས་བྱང་ཐང་ཁུལ་གྱི་ཆུ་ཤུལ་ས་གནས་དང་། ཉོ་མ། རྒོད་ཡུལ། ཧན་ལེ། མ་ཁྱུ། བཀག་གཞུང་། སུམ་མདོ། ཆུ་མུར། ས་སྨད་བཅས་ས་གནས་ཁག་དགུ་ལ་ཕེབས་ཏེ་ས་གནས་བོད་མིའི་སྡོད་ཁང་དང་། མི་མང་གི་འཚོ་བའི་གནས་སྟངས་ལ་གཟིགས་ཞིབ། དེ་བཞིན་ཆོས་དང་འཇིག་རྟེན་གྱི་ལམ་སྟོན་གནང་བ་མ་ཟད། མི་མང་གི་བསམ་འཆར་བསྡུ་ལེན་དང་་དོགས་དྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༥ ཉིན་དགེ་རྒན་དུས་ཆེན་འཁེལཡོདསྟབས། ཧང་ལེ་ས་མ་འབྲོག་པའི་བོད་ཁྱིམ་སློབ་གྲྭའི་ནང་སྤྱི་འཐུས་རྣམ་གཉིས་དང་ཕྱག་རོགས་མཛད་གཙོ་རྣམས་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། དེའི་སྐབས་སློབ་གྲྭའི་འགན་འཛིན་གྱིས་བཀའ་སློབ་གནང་རྒྱུའི་རེ་བསྐུལ་གནང་བ་ལྟར། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་དགེ་རྒན་གྱི་འོས་འགན་གང་ཡིན་དང་། སློབ་མ་རྣམས་མ་འོངས་པའི་བདག་པོ་ཇི་ལྟར་འགྱུར་དགོས་མིན། དགེ་སློབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་ལམ་འཛུགས་ཕྱོགས། སློབ་མས་དགེ་རྒན་ལ་ཕུལ་བའི་ལག་རྟགས་ནི་དངུལ་སྒོར་དང་། མེ་ཏོག་ཙམ་མིན་པར་དགེ་རྒན་གྱི་ཐུགས་རེ་བཞིན་སློབ་སྦྱོང་ཧུར་ཐག་དང་། ཡ་རབས་བཟང་སྤྱོད་བྱེད་དགོས་པ་ནི་ལག་རྟགས་ཡག་ཤོས་ཡིན་ཚུལ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་། དེ་ལྟར་ལ་དྭགས་བྱང་ཐང་ཁུལ་ལ་གཟིགས་ཞིབ་གནང་རྒྱུ་རེ་ཞིག་མཇུགབསྒྲིལ་རྗེས་ཕྱི་ཟླ་ ༩ ཚེས་ ༦ ཉིན་དགོང་དྲོ་ཆུ་ཚོད་ ༦།༢༠ ཙམ་ལ་རྒྱལ་ས་སླེ་རུཕྱིརཕེབས་གནང་ཡོདའདུག

ཕྱི་ཚེས་ ༧ ཉིན་གྱི་ཞོགས་པ་མཁའ་དབུགས་དྭངས་ཤིང་བཙན་དམར་ཟངས་རི་མཐོན་པོའི་རྩེ་ནས་ཉི་རྩེ་འཛུམ་དུས་ལ་དྭགས་མཉམ་འབྲེལ་བློན་ཆེན་ཟུར་པ་ཚེ་རིང་རྡོ་རྗེ་ལག་ཁུག་ (Chering Dorjay Lakrook, Former Minister for Cooperatives and Ladakh Affairs) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་སྤྱི་དང་། ལྷག་པར་ལ་དྭགས་སླེ་བྱང་ཁུལ་གྱི་བོད་མི་རྣམས་ལ་ཁ་ཡོད་ལག་ཡོད་ཀྱིས་རོགས་མགོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག འབྱུང་འགྱུར་མུ་མཐུད་ཐབས་ལམ་སྣ་ཚོགས་ཀྱིས་སྔར་ལྷག་རོགས་མགོན་གནང་སྐྱོང་ཡོང་བར་ཞུས་གནང་རྗེས། སྐུ་ཞབས་ཁོང་ལ་སྤྱི་འཐུས་རྣམ་པ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་ཡོད་པ་དང་། སྐུ་ཞབས་ཁོང་གིས་དགྱེས་ཚོར་ཆེན་པོས་ང་ཚོ་ཧི་མྰ་ལ་ཡའི་རི་རྒྱུད་གཅིག་ཏུ་འཁེལ་ཞིང་། ཆོས་དང་རིག་གཞུང་དེ་བས་གཅིག་པ་ཡིན་ཙང་རོགས་རམ་གང་ཐུབ་གནང་དགོས་རྒྱུ་ལས་འགན་ལྟ་བུར་གྱུར་ཡོད་ཚུལ་དང་། བོད་ཀྱི་སྐད་ཡིག་བདག་སྐྱོང་སྐོར་ཐབས་བྱུས་བྱས་ཚུལ་སོགས་ལས་འཕྲོས་བཀའ་མོལ་ལྷུགས་པོ་གནང་ཡོད་འདུག

ཕྱི་ཚེས་ ཉིན་གྱི་སྔ་དྲོ་ས་འཐུས་ཚོགས་གཙོ་དང་། ལ་སྤྱི། བྱང་ཐང་འབྲེལ་མཐུད་པ་བཅས་ནས་སླེ་གནམ་ཐང་ (Leh Airport) ལ་ཕེབས་སྐྱེལ་གནང་རྗེས། སྔ་དྲོ་ཆུ་ཚོད་ ༡༠།༡༥ ཙམ་ལ་མཁའ་བསྐྱོད་ཀྱིས་ཤྲི་ན་གར་ (Srinagar Airport) གནམ་ཐང་ལ་ཕེབས་འབྱོར་གནང་བ་དང་། དེའི་སྐབས་བོད་རིགས་ཁ་ཆེ་བ་ས་གནས་གཞོན་ནུའི་ཚོགས་གཞོན་ཧེས་ཏ་ལ་དང་། སློབ་གྲྭའི་རླངས་འཁོར་ཁ་ལོ་པ་གཉིས་ནས་སྣེ་ལེན་གནང་ཡོད་འདུག

ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་རང་གཞུང་དྲིལ་བསྒྲགས་ལས་བྱེད་ཟུར་པ་ (Tibetan public school) སློབ་གྲྭའི་འཛིན་སྐྱོང་རྩིས་དྲུང་མ་སུ་བཊ་ལགས་དང་མཉམ་དུ་བོད་རིགས་ཁ་ཆེའི་གནས་སྟངས་སྐོར་དང་། མ་འོངས་པར་ན་གཞོན་གསོ་སྐྱོང་བྱེད་ཕྱོགས། གཞུང་དང་འབྲེལ་ལམ་ཇི་ལྟར་འཛུགས་ཐབས། རྒན་འཁོགས་དང་ནད་པ་ཉམ་ཐག་ལ་རོགས་མགོན་བྱེད་ཚུལ་སྐོར་ལ་གྲོས་བསྡུར་གནང་ཡོད་འདུག་པ་དང་།

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་བོད་རིགས་ཁ་ཆེ་སྤུན་ཟླའི་སློབ་གྲྭའི་འཛིན་སྐྱོང་གཙོ་འཛིན་ཨབ་དྷོའི་ལག་མན་ལགས་དང་། འཛིན་སྐྱོང་རྩིས་དྲུང་མ་སུ་བཊ་ལགས། སློབ་གྲྭའི་འགན་འཛིན་ས་གཞོན་ཚོགས་གཞོན་ཧེས་ཏ་ལ་སོགས་དང་ལྷན། གཞིས་ཆགས་ཁག་གསུམ་སྟེ། ཧ་བལ། ཨེས་བ་དུ་ཀ། བྷོག་དུམ་སོབ་བཅས་དང་། སློབ་གྲྭའི་ཕྱི་ནང་གི་ཁོར་ཡུག་ལ་གཟིགས་བསྐོར་གནང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་སློབ་གྲྭའི་སློབ་སྤྱི་ཨ་གྲའི་ཏ་ཨ་ལེའི་ (Adida Ali) ལགས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་རྗེས། སློབ་གྲྭ་ནི་མི་རིགས་བཟོ་བསྐྲུན་བྱེད་སའི་བཟོ་གྲྭ་ཆེ་ཤོས་ཡིན་པ་ལྟར་དགེ་རྒན་ནི་བཟོ་གྲྭའི་ཁྱད་ལས་མི་སྣ་ཆགས་དགོས་ཚུལ། དགེ་རྒན་ཚོས་སློབ་ཚན་འཁྲིད་རྒྱུ་གཅིག་པུ་མིན་པར་མ་འོངས་པའི་བདག་པོ་སློབ་ཕྲུག་ཚོར་སློབ་གསོ་གནང་ནས་ཡ་རབས་སྤྱོད་བཟང་ཞིག་ཏུ་བསྐྱེད་བསྲིང་བྱེད་དགོས་ཚུལ། དགེ་སློབ་གཉིས་ཀྱི་མཛའ་བརྩེ་དམ་དུ་གཏོང་དགོས་ཚུལ་བཅས་རེ་བསྐུལ་ཞུས་པ་བཞིན་ཞལ་བཞེས་གནང་ཡོད་འདུག

དེ་བཞིན་བོད་རིགས་སློབ་ཕྲུག་ཕོ་མོ་རྣམས་ལ་ཟུར་དུ་མཇལ་འཕྲད་གནང་ཡོད་པ་དང་། དེའི་སྐབས་སློབ་གྲྭའི་རྩིས་དྲུང་ནས་ཐོག་མར་སྤྱི་འཐུས་རྣམ་གཉིས་ངོ་སྤྲོད་དང་འདིར་ཕེབས་དོན། བཞུགས་སྒར་རྡ་རམ་ས་ལ་བཅས་ངོ་སྤྲོད་གནང་མཚམས། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་བློ་ཐག་ཉེ་བོའི་ངང་སློབ་ཕྲུག་ཚོར་སོ་སོའི་ཕ་མེས་ཀྱི་ཆོས་ལ་ཉམས་ལེན་ཡོད་པའི་ཐོག་ནས་བོད་རང་གི་ངོ་བོ་སྐད་ཡིག་དང་རིག་གཞུང་ལ་ཤུགས་སྣོན་སྐྱོན་དགོས་ཚུལ་དང་། མི་རིགས་ལ་ཤ་ཞེན་དང་། རིགས་ཞེན་མེད་ན་རྔ་མ་ཆད་པའི་སྤྲེའུ་བཞིན་མི་རིགས་ཀྱི་གྲལ་དུ་ཚུད་ཐབས་མེད་ཕྱིར་དུས་དང་ཁོར་ཡུག་གང་དུ་འགྲོ་བ་ཡིན་ནའང་ལར་ཞེན་དགོས་ཚུལ། གང་ལྟར་ང་ཚོ་བོད་རིགས་སྤུན་ཟླ་ཡིན་པ་དང་། བོད་ཕྲུག་ལྷད་མེད་ཡིན་པའི་སེམས་ཚོར་ཡོད་དགོས་པ། སློབ་ཕྲུག་ཚོའི་འོས་འགན་གཙོ་བོ་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གཞུང་བདག་པོ་གནང་མཁན་བོད་ཕྲུག་ཚོ་ཡིན་པའི་སེམས་ཤུགས་དང་སྙིང་སྟོབས་དགོས་པའི་ལམ་སྟོན་སོགས་གནང་ཡོད་འདུག

དེ་རྗེས་ཁ་ཆེ་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཉིན་གུང་གསོལ་ཚིགས་སྟབས་བདེ་ཞིག་ཕུལ་བར་མཉམ་འཛོམས་ཀྱིས་སླར་གནད་དོན་འགའི་སྐོར་ལ་གྲོས་བསྡུར་ལྷུགས་པོ་གནང་ཡོད་འདུག་པ་དང་། ཉིན་རྒྱབ་སློབ་གྲྭའི་རྩིས་དྲུང་ནས་གནམ་ཐང་ལ་ཕེབས་སྐྱེལ་གནང་སྟེ། ཕྱི་ཟླ་ ༩ ཚེས་ ༡༡ ཉིན་སྤྱི་འཐུས་རྣམ་གཉིས་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད་པ་དང་། དེ་ལྟར་ལོ་གཉིས་དང་ཕྱེད་སྔ་མའི་ལ་དྭགས་སླེ་བྱང་གཉིས་དང་། ཇ་མུ་ཀ་ཤི་མུར་བོད་རིགས་ཁ་ཆེའི་གཞིས་ཆགས་བཅས་སུ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་འདུག ད་རེས་སྤྱི་འཐུས་རྣམ་གཉིས་ཕྱོགས་བསྐྱོད་ཕེབས་སྐབས་སུ་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོ་ནས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །

Menu