སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་ཐུབ་བསྟན་ལུང་རིགས་མཆོག་རྣམ་གཉིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་སྡོད་སྒར་དང་ས་གནས་ཁག་ཏུ་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།

༄༅།    ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་རྣམ་གཉིས་ཕྱི་ཟླ་ ༤ ཚེས་ ༢༣ ནས་ཚེས་ ༢༨ བར་རྒྱ་གར་ལྷོ་ཕྱོགས་ས་ཁུལ་གྱི་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ས་གནས་ཁག་ལ་གཟིགས་བསྐོར་ཕྱོགས་བསྐྱོད་ལེགས་པར་གྲུབ་གནང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༤ ཚེས་ ༢༠ དང་ཚེས་ ༢༢ ཉིན་རྡ་ས་དང་། ཀོ་ལི་གྷལ་ས་གནས་སོ་སོ་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༣ ཉིན་ཧུབ་ལི་མེ་འཁོར་འབབ་ཚུགས་སུ་འབྱོར་འཕྲལ་དེ་གར་མོན་གྷོ་ས་གནས་འགོ་འཛིན་གྱིས་སྣེ་ལེན་ཕེབས་བསུ་གནང་བ་དང་། དེ་རྗེས་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་སྤྱི་འཐུས་རྣམ་པ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་ཞུས་ཏེ ༸སྐྱབས་རྗེ་བདེ་བར་གཤེགས་པ་དགའ་ལྡན་ཁྲི་ཐོག་ ༡༠༣ པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེའི་སྐུ་གདུང་ཧུབ་ལི་གནམ་ཐང་ནས་མོན་གྷོ་བརྒྱུད་དེ་ཁྲི་ཐོག་ཁང་དང་དེ་ནས་ཁོང་གི་བླ་བྲང་བར་གདན་ཞུ་ལྷན་བཅར་ཞུས་གནང་ཡོད།

ཕྱི་ཚེས་ ༢༤ ཉིན་མོན་གྷོ་གཞིས་ཆགས་ཀྱི་མི་མང་ཚོགས་ཁང་ནང་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་མི། གཞིས་ལས་ཁང་གི་ལས་བྱེད་རྣམ་པ། རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་འཐུས་མི་རྣམ་པ། ཆོས་སྡེ་དགོན་ཁག་གི་ཕྱག་མཛོད་རྣམ་པ། གཞིས་གྲོང་སྤྱི་མི་རྣམ་པ། མཉམ་འབྲེལ་ཚོགས་གཙོ་དང་མཉམ་དྲུང་། འཕྲོད་བསྟེན་སྨན་ཁང་དང་སྨན་རྩིས་ཁང་གི་འགན་འཛིན་དང་ལས་བྱེད་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་ཚོགས་གཙོ་དང་རྒྱུན་ལས་བཅས་ལྷན་འཛོམས་མཉམ་བཞུགས་མོལ་ཚོགས་འདུ་དང་དྲི་བ་དྲིས་ལན་གནང་།

ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དང་གཞིས་ལས་ཁང་། རང་བདེན་ཚོགས་ཆུང་། མི་མང་མཉམ་འབྲེལ་ལས་ཁུངས་དང་དེའི་ཁྱབ་ཁོངས་སྡེ་ཚན་ཁག་དང་། གཞིས་གྲོང་གསུམ་པ་བཅས་སུ་གཟིགས་ཞིབ་ཏུ་ཕེབས། ཕྱི་དྲོའི་ཆུ་ཚོད་ ༦།༠༠ ནས་ ༩།༣༠ ཙམ་བར་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱིའི་འདུ་ཁང་ནང་དགའ་ལྡན་ཤར་བྱང་གཉིས་དང་། རྙིང་དགོན། ས་སྐྱ་དམ་ཆོས་གླིང་དགོན་པའི་དགེ་འདུན་པ་རྣམས་གདན་འཛོམས་པའི་དབུས་སུ་འཚམས་འདྲི་དང་སྦྲགས་སྤྱི་འཐུས་ལྷན་ཁང་གི་ལམ་སྟོན་བརྗོད་གཞི་ཁག་དང་དམིགས་བསལ་འཕྲོད་བསྟེན་ཐོག་ཐུགས་སྣང་དགོས་པའི་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།

 

ཕྱི་ཚེས་ ༢༥ ཉིནགཞིས་གྲོང་དང་པོ། གཉིས་པ། གསུམ་པ་དང་དགུ་པ་བཅས་པར་གཟིགས་ཞིབ་ཏུ་ཕེབས་གནང་བ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༥།༠༠ བར་གཞིས་གྲོང་བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ་བཅས་སུ་གཟིགས་ཞིབ་ཏུ་ཕེབས་གནང་ཡོད། ཕྱི་དྲོའི་ཆུ་ཚོད་ ༦།༠༠ ནས་ ༡༠།༠༠ ཙམ་བར་གདན་ས་ཆེན་མོ་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་། རྭ་སྟོད། བཀའ་བརྒྱུད། ས་སྐྱ་གྲྭ་ཚང་བཅས་ཀྱི་དགེ་འདུན་པ་གདན་འཛོམས་པའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།

ཕྱི་ཚེས་ ༢༦ ཉིན་དགའ་ལྡན་ཁྲི་རིན་པོ་ཆེ་ཞིང་གཤེགས་དམ་པ་གང་གི་སྐུ་གདུང་ཞུགས་འབུལ་ཞུ་རྒྱུའི་དུས་གཏན་འཁེལ་བ་བཞིན་དེར་སྤྱི་འཐུས་རྒྱུན་ལས་ཀྱི་བཀའ་འབྲེལ་བཞིན་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་ཀྱི་ངོ་བོར་སྔ་དྲོའི་ཆུ་ཚོད་ ༦།༠༠ ཐོག་བླ་བྲང་ནས་ཞུགས་འབུལ་ཞུ་ཡུལ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་གཙུག་ལག་ཁང་གི་གཡས་ཕྱོགས་ཀྱི་ཆོས་རའི་ནང་བར་དུ་གདན་ཞུར་ལྷན་བཅར་ཞུས་གནང་བ་དང་། ཞུགས་འབུལ་མཛད་སྒོར་མཉམ་ཞུགས་ཞུས། ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ནས་ ༣།༣༠ བར་འཕྲོད་བསྟེན་སྨན་ཁང་དང་རྒན་གསོ་ཁང་དུ་གཟིགས་ཞིབ་གནང་ཡོད། ཆུ་ཚོད་ ༣།༣༠ ནས་ཕྱི་དྲོའི་ཆུ་ཚོད་ ༥།༠༠ བར་ས་འཐུས་ཚོགས་ཁང་ནང་བོད་སློབ་འཛིན་ཚོགས་དང་སམ་བྷོ་ཌ་སློབ་གྲྭ་གཉིས་ཀྱི་སློབ་སྤྱི་གཞོན་པ་དང་དགེ་ཆེ། དགེ་རྒན། ལས་བྱེད་རྣམ་པ་བཅས་ལ་སྤྱི་འཐུས་ལྷན་ཁང་གི་ལམ་སྟོན་གཞིར་ཟུང་ཐོག་དང་། དགེ་རྒན་གྱི་ལས་འགན་དང་འཕྲོད་བསྟེན་སྐོར་གྱི་གསུང་བཤད་དང་དྲི་བ་དྲིས་ལན་གནང་།

ཕྱི་ཚེས་ ༢༧ ཉིན་གཞིས་སྤྱིའི་མི་མང་ཚོགས་ཁང་ནང་ས་གནས་གཞིས་མི་འདུ་འཛོམས་ཐོག་སྤྱི་འཐུས་ལྷན་ཁང་གི་ལམ་སྟོན་བཀོད་ཁྱབ་ཡོད་པའི་བརྗོད་གཞི་རེ་རེ་བཞིན་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་ཡོད་པ་དང་། ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ནས་གཞིས་གྲོང་དྲུག་པ། སམ་བྷོ་ཌ་ཟམ་པ་སློབ་གྲྭ་ཆུང་བ། གཞིས་གྲོང་དྲུག་པའི་སྨན་རྩིས་ཁང་ཡན་ལག་བཅས་སུ་གཟིགས་ཞིབ་ཏུ་ཕེབས་གནང་། དེ་ནས་ཆུ་ཚོད་ ༣།༣༠ ཙམ་ནས་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་ཕེབས་ཏེ་གོང་བཞིན་གྱི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལནགནང་ཡོད།

ཕྱི་ཚེས་ ༢༨ ཉིན་མོན་གྷོ་འདོད་རྒུ་གླིང་ནང་ཡོད་པའི་མཆོད་སྡེ་དགོན་ཁག་ལ་མཆོད་མཇལ་གནང་བ་དང་། མཇུག་ཏུ་ས་གནས་འགོ་འཛིན་ལྷན་དུ་བསྐྱར་ཞིབ་དང་གལ་ཆེའི་དོན་གནད་གོ་བསྡུར་དགོས་རིགས་ཞུས་གནང་ཡོད།

དེ་ལྟར་སྤྱི་འཐུས་རྣམ་པ་གཉིས་ཀྱི་གོང་གསལ་ས་གནས་ཁག་ཏུ་ཕེབས་ཏེ་ས་གནས་སོ་སོའི་གནས་སྟངས་ལ་རྒྱུས་ལོན་སོགས་གནང་ནས་སྐབས་བསྟུན་ཐག་གཅོད་ལམ་སྟོན་གནང་རྒྱུ་དང་། དཀའ་སེལ་མཇུག་སྐྱོང་གོང་ཞུ་དགོས་རིགས། མི་མང་འདུ་འཛོམས་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ། དེ་བཞིན་མི་མང་གི་བསམ་ཚུལ་བསྡུ་ལེན་ཞུ་སྒོ་སོགས་ཐེངས་འདིའི་ཕྱོགས་བསྐྱོད་ལེགས་པར་གྲུབ་གནང་ཡོད།།

Menu