
༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་གསུམ་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་བཅར་ཏེ། ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཧོན་སུར་གཞིས་ཆགས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་ཀྱིས་ཕྱི་ཟླ་ ༩ ཚེས་ ༡ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་པ་རེད།

དེ་ཡང་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་བླ་སྤྱི་ནས་ཇི་ལྟར་མགྲོན་ཤོག་ཕུལ་བ་ལྟར། བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག་རྣམ་གཉིས་ཧོན་སུར་རབ་རྒྱས་གླིང་ནས་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་ཐོན་དང་། ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་སྦེལ་ཀོབ་བཞུགས་གནས་མགྲོན་ཁང་ནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་བླ་སྤྱིའི་ཚོགས་ཆེན་འདུ་ཁང་དུ་ཕེབས་ཐོན་གྱིས་དེ་གའི་སྒོ་འགྲམ་དུ་འབྱོར་སྐབས། འབྲེལ་ཡོད་སྣེ་ཤན་པས་ཕེབས་བསུ་ཞུས་ཏེ་འདུ་ཁང་ནང་ལྷན་ཅིག་ཏུ་གདན་འདྲེན་ཞུས་འདུག

སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་བླ་སྤྱིའི་ཚོགས་ཆེན་འདུ་ཁང་དུ། འཇམ་མགོན་རྒྱལ་བའི་གདུང་འཚོབ་ཞྭ་སེར་བསྟན་པའི་བདག་པོ་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་དཔལ་བཟང་པོ་མཆོག ༧སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་བཅས་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་གསུམ་གྱིས་དབུས། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་མཁན་གདན་ཟུར་རྣམ་པ་བཅས་ལ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་ཆེན་མོ་གཞུང་འབྲེལ་གྱི་ཐོག་ནས་བསྟར་འབུལ་ཞུས་འདུག

སྐབས་དེའི་བརྟན་བཞུགས་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཟུར་པ་ཀརྨ་དགྲ་འདུལ་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག དེ་བཞིན་ཉེ་འཁོར་ས་གནས་འགོ་འཛིན་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམས་དང་། དད་ལྡན་སེར་སྐྱ་མང་ཚོགས་བཅས་ལྷན་ཅིག་ཏུ་བཅར་འདུག

སྔ་དྲོའི་བརྟན་བཞུགས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས། སེ་ར་ཐེག་ཆེན་གླིང་བླ་སྤྱིའི་ཡང་ཐོག་ཏུ་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་གསུམ་དབུ་བཞུགས་ཐོག སྐུ་མགྲོན་རྣམ་པ་དང་ལྷན་དུ་ཉིན་གུང་གསོལ་ཚིགས་ལྷན་རྒྱས་གྲུབ་རྗེས། ཉིན་རྒྱབ་ཆུ་ཚོད་ ༣།༠༠ པར་སྤྱི་འཐུས་རྣམ་གཉིས་ནས་༧སྐྱབས་རྗེ་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱི་དྲུང་དུ་རིམ་པས་མཇལ་བཅར་གྱིས་མཚན་མཐོང་ཞུས་ཤིང་། དེ་ནས་ཆུ་ཚོད་ ༥།༠༠ པར་སེ་ར་ཐེག་ཆེན་གླིང་བླ་སྤྱིའི་ཡང་ཐོག་ཏུ་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་དྲུང་དུ་ཆེད་བཅར་གྱིས་མཇལ་ཁ་ཞུས་པ་དང་།

དེ་ལྟར་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་གསུམ་གྱིས་དབུས་མཁན་གདན་ཟུར་རྣམས་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་མཉམ་ཞུགས་དང་། མཇལ་བཅར་ཞུས་ཏེ། རྒྱལ་བསྟན་ཡུན་དུ་གནས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པའི་གསོལ་འདེབས་དང་སྦྲགས། སྐབས་འདིའི་གཞུང་འབྲེལ་ལྷན་ཅིག་ཏུ་མཇལ་བཅར་གྱིས་དེ་ཉིན་གྱི་མཛད་རིམ་མཐའ་དག་བཀྲ་ཤིས་དོན་གྲུབ་ཀྱི་ངང་ནས་གྲུབ་རྗེས། ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཧོན་སུར་གཞིས་ཆགས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་ཡོད་པ་བཅས།
