༄༅། །བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༥ ནས་ཕྱི་ཟླ་ ༡༠ ཚེས་ ༤ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་དང་། ཅེ་ན་ཡའི།(Chennai) པོན་ཌི་ཅེ་རི།(Pondicherry) ཨོ་རོ་ཝེ་ལི།(Auroville) ཀེ་ར་ལ།(Kerala) ཀོ་ཅིན་ (Kochi) བཅས་ལ་མང་ཚོགས་ཐུག་འཕྲད་ཀྱིས་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སོགས་ཀྱི་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེ་ན་ཡའི་དང་། པོན་ཌི་ཅེ་རི། ཨོ་རོ་ཝེ་ལི། ཀེ་ར་ལ། ཀོ་ཅིན་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་གྲུབ་རྗེས། ཕྱི་ཟླ་ ༩ པའི་ཚེས་ ༣༠ ཉིན་སྤྱི་འཐུས་རྣམ་པ་གཉིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཕེབས་འབྱོར་མཚམས། ཕྱི་ཟླ་ ༡༠ པའི་ཚེས་ ༡ ནས་ས་གནས་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་དང་། དགོན་སྡེ་དང་། སློབ་གྲྭ། ལས་ཁུངས་ཁག་ལ་གཟིགས་སྐོར་གནང་འགོ་བཙུགས་ཤིང་། ཕྱི་ཚེས ༤ ཉིན་སྔ་དྲོ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་སེ་ར་བླ་སྤྱི་དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། སེར་བྱེས་མཁས་སྙན་གྲྭ་ཚང་། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་བཅས་ལ་རིམ་པས་མཆོད་མཇལ་དུ་ཕེབས་པ་དང་། སྐབས་སོ་སོར་དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པས་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག དེ་བཞིན་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་གིས་སྤྱི་འཐུས་མཆོག་ལ་སྣེ་ལེན་མཇལ་འཕྲད་དང་། ཆུ་ཚོད་ཕྱེད་ཙམ་རིང་བཀའ་བསྡུར་ལྷུགས་པོར་གནང་འདུག (གཞུང་འབྲེལ་ཕྱོགས་བསྐྱོད་ཉིན་མཐའ་མ་ཕྱི་ཚེས་ ༤ ཉིན་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་ལས་དོན་ཞིག་གི་རྐྱེན་དགོན་ཁག་ལ་བཅར་ཐུབ་མེད།) བཅས། །