སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག་རྣམ་གཉིས་ནས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་མང་ཚོགས་རྣམས་ལ་གསུང་བཤད་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༢༤ ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་སྤྱི་འཐུས་རྣམ་གཉིས་ནས་མང་ཚོགས་ལ་གསུང་བཤད། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་ཡོད།


དེ་ཡང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཧོན་སུར་རབ་རྒྱས་གླིང་སྤྱི་ཁང་དུ་ཕེབས་འབྱོར་སྐབས། ས་འཐུས་ཚོགས་གཙོ་ཡིས་གཙོས་པའི་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་དང་ལས་དྲུང་། སློབ་གྲྭའི་སློབ་སྤྱི། བརྒྱ་དཔོན་བཅས་ཀྱིས་སྣེ་ལེན་ཕེབས་བསུ་དང་བཅས་མཇལ་དར་བསྒྲོན་འབུལ་ཞུས་འདུག

དེ་ནས་གཞིས་ཆགས་མང་ཚོགས་ལྷན་འཛོམས་ཐོག སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་བའི་ནང་། བོད་རང་བཙན་ཉམས་རྒུད་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་བཞི་སྟེ། ༡ མི་འབོར་མང་ཉུང་། ༢ དམག་དོན་གྱི་སྟོབས་ཤུགས། ༣ ནང་ཁུལ་ཆིག་སྒྲིལ་ཡོད་མེད། ༤ རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས་ལ་རྨོངས་པ་བཅས་ཡིན་པའི་སྐོར་དང་། དེ་བཞིན་བོད་ནང་དུ་ཛ་དྲག་རིམ་པ་མི་འདྲ་བ་གསུམ་བྱུང་བའི་བརྒྱུད་རིམ་ངོ་སྤྲོད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྡུག་རྩུབ་མནར་གཅོད་ཇི་ལྟར་བཏང་དང་གཏོང་བཞིན་པ། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་ནས་བཟུང་། ཉེ་ཆར་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་གནང་དོན་སྐོར། བོད་ཕྱི་ནང་གཉིས་སུ་ད་བར་བོད་བསྟན་སྲིད་མི་རིགས་ཆེད་སེར་སྐྱ་ཕོ་མོ་རྒན་གཞོན་དབྱེར་མེད་གྲངས་ ༡༧༡ གིས་རང་ལུས་མེར་བསྲེགས་གནང་བའི་རྒྱབ་ལྗོངས་ངོ་བོ་དང་། ཁོང་རྣམ་པའི་སྙིང་སྟོབས་སྐོར་ལ་གསུང་བཤད་གནང་འདུག
གཞན་ཡང་སྤྱི་འཐུས་མཆོག་གིས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་ཁག་དང་། བཀའ་བློན་འདེམས་བསྐོ་གནང་ཕྱོགས། ཕྱི་ལོ་ ༢༠༢༦་་་༢༧ ལོའི་སྔོན་རྩིས་གཏན་འབེབས་དང་གཏོང་ལེན་ཁྲིམས་ཡིག་བཅས་ཀྱི་སྐོར་ལ་ལམ་སྟོན་གསལ་བཤད་རྒྱ་ཆེར་གནང་ཡོད་འདུག

སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་འཕྲིན་དང་། བོད་བསྟན་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཚུལ། བཙན་བྱོལ་དུ་ཆིབས་བསྒྱུར་གནང་བའི་བརྒྱུད་རིམ། རྒྱལ་སྤྱིའི་ཐོག་ལ་མཛད་པ་འཕྲིན་ལས་ཇི་ལྟར་བསྐྱངས་བའི་སྐོར་དང་། དེ་བཞིན་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། རྒྱལ་སྤྱིའི་ཆབ་སྲིད་མི་སྣ་ཁག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཇི་ལྟར་གནང་བཞིན་ཡོད་པའི་སྐོར་ལ་གསུང་བཤད་གནང་འདུག


དེ་རྗེས། གཞིས་ཆགས་མང་ཚོགས་ཀྱིས་དོགས་འདྲི་ཕུལ་བ་ཁག་ལ་སྤྱི་འཐུས་རྣམ་གཉིས་ནས་ལན་འདེབས་ཁ་གསལ་ཞིང་། ཆད་ལུས་མེད་པར་གསལ་བཤད་མཐིལ་ཕྱིན་པ་གནང་བ་དང་། མཐར་ས་གནས་མང་ཚོགས་ནས་སྤྱི་འཐུས་རྣམ་གཉིས་ལ་ཆེ་བསྟོད་མཚོན་ཕྱིར་ཕྱག་རྟགས་ཕུལ་གནང་བ་བཅས་སྐབས་དེའི་གསུང་བཤད་ཀྱི་ལས་རིམ་སྔ་དྲོ་ཆུ་ཚོད་ ༩།༠༠ པ་ནས་ཉིན་རྒྱབ་ཆུ་ཚོད་ ༢།༠༠ པ་མ་ཟིན་ཙམ་བར་བསྐྱངས་འདུག་པ་བཅས།