སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ཀྱིས་རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་མངའ་སྡེའི་ནང་གི་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༧ ནས་ ༡༩ བར་ཉིན་གྲངས་ ༡༢ རིང་རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་མངའ་སྡེའི་ས་གནས་བསུ་ན་མདའ་དང་། མི་རིག མཁའ་ཤང་། སུ་ཁི་ཡ། མ་ནི་བྷ་ཇན། གུམ། བླ་མ་ཧ་བཀྲ། ཨོཌ་བྷ་རེ། རྡོར་གླིང་བཅས་ཀྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༠ ཉིན་སྤྱི་འཐུས་རྣམ་པ་གཉིས་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༩ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་བྷག་ཌོ་རར་ (Bagdora) ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། རྡོར་གླིང་ས་གནས་འགོ་འཛིན་གྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་དང་། དེ་ཉིན་ཕྱི་དྲོ་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་སྒང་ཏོག་ནས་བྷག་ཌོ་རར་ཕེབས་འབྱོར་གནང་རྗེས་སྤྱི་འཐུས་རྣམ་པ་གཉིས་ལྷན་འཛོམས་གནང་ཡོད།

ཕྱི་ཚེས་ ༡༠ ཉིན་སྤྱི་འཐུས་རྣམ་པ་གཉིས་བསུ་ན་མདའ་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། གཞིས་ཆགས་ཀྱི་འབྲེལ་མཐུད་པ་དང་། མཉམ་འབྲེལ་དྲུང་ཡིག་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་དང་། དེ་རྗེས་མཉམ་ལས་ཀི་ཝི་ (kiwi) ཤིང་འབྲས་འདེབས་ལས་ས་ཞིང་དང་། བོད་མིའི་གཞིས་གྲོང་ཁག་ལ་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་བསུ་ན་མདའ་བོད་གཞིས་སློབ་གྲྭར་ཕེབས་ཏེ་དགེ་རྒན་ཚོས་སློབ་འཁྲིད་གནང་ཕྱོགས་དང་། སློབ་ཕྲུག་ཚོས་རང་སྦྱོང་བྱེད་སྟངས་ཐོག་གཟིགས་ཞིབ་གནང་ཡོད་པ་མ་ཟད། སློབ་ཕྲུག་ཁག་ཅིག་དང་ལྷན་སློབ་ཚན་དང་འབྲེལ་བའི་ཐོག་བགྲོ་གླེང་ཡང་གནང་ཡོད།  དེ་ནས་སློབ་གྲྭའི་དགེ་རྒན་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་དང་། ཆབས་ཅིག་ཚོགས་བཅར་བའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། སྤྱི་འཐུས་རྣམ་པ་བཀའ་བརྒྱུད་བསམ་གྲུབ་དར་རྒྱས་ཆོས་གླིང་དགོན་དུ་མཆོད་མཇལ་དུ་ཕེབས་གནང་འདུག  ཉིན་རྒྱབ་བསུ་ན་མདའ་མི་མང་ཚོགས་ཁང་ནང་མི་མང་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམ་པ་གཉིས་ཀྱིས་གཙོ་བོ་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་དང་། མི་མང་གི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།

དེ་རྗེས་ས་གནས་འགོ་འཛིན་དང་། འབྲེལ་མཐུད་པ་གཙོས་གཞིས་གྲོང་ཁག་གི་བརྒྱ་དཔོན་རྣམ་པ་དང་། མཉམ་འབྲེལ་འགན་འཛིན་དང་ཚོགས་མི་ཁག་ཅིག  ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་དང་ས་གནས་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ། དགོན་སྡེ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་དང་། དེ་བཞིན་ས་གནས་འགོ་འཛིན་དང་། འབྲེལ་མཐུད་པ་བཅས་མཉམ་འཛོམས་ཀྱིས་མཉམ་ལས་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད་འདུག ཚོགས་འདུ་གྲོལ་མཚམས་སྤྱི་འཐུས་རྣམ་པ་གཉིས་ཀྱིས་བོད་གཞིས་སློབ་གྲྭའི་སློབ་ཕྲུག་གི་ཉལ་ཁང་ལ་གཟིགས་ཞིབ་དང་། སློབ་གྲྭའི་མ་མ་རྣམས་དང་ལྷན་མཇལ་འཕྲད་གནང་། དེ་རྗེས་བསུ་ན་མདའ་ནས་རྡོར་གླིང་དུ་ཕེབས་ཐོན་གནང་སྟེ་ས་གནས་སུ་འབྱོར་སྐབས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་། ས་གནས་ལས་དྲུང་། ཆོལ་གསུམ་ཀྱི་སྐུ་ཚབ། ས་གནས་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ། ས་གནས་བཟོ་གྲྭའི་སྐུ་ཚབ། འཇམ་དབྱངས་རིག་གཞུང་གཅེས་འཛིན་ཁང་གི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་བཀའ་བརྒྱུད་ཌ་ལུ་དགོན་པ་དང་། ས་སྐྱ་གུ་རུ་མདོ་སྔགས་ནོར་བུ་གླིང་དགོན་པ། ཡིད་དགའ་ཆོས་གླིང་དགོན་པ་ (༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཕེབས་མྱོང་བའི་དགོན་པ།) བཅས་ལ་མཆོད་མཇལ་གནང་རྗེས། མཁའ་ཤང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་ས་གནས་བོད་མི་ཚོ་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་སྐབས་དེར་སྤྱི་འཐུས་རྣམ་པས་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་དགོན་དུ་༧དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་གནང་ཡོད་པ་དང་། ཉིན་རྒྱབ་༧དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་ལྷན་བསུ་ན་མདའ་ཉིན་སློབ་སློབ་ཕྲུག་གི་ཉལ་ཁང་ལ་གཟིགས་བསྐོར་དུ་ཕེབས་གནང་བ་དང་།  ཕྱི་དྲོ་༧དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྡོར་གླིང་ས་སྐྱ་གུ་རུ་དགོན་དུ་ཕེབས་བསྐྱེལ་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་རྣམ་པ་གཉིས་སྔ་དྲོ་མི་རིག་ས་གནས་སུ་ཕེབས་ཐོན་གནང་སྟེ། བཀའ་བརྒྱུད་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་དུ་མཆོད་མཇལ་ཞུས་གནང་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་རཱིམ་བྰིག་ས་སྐྱ་ཆོས་འཕེལ་གླིང་བཤད་གྲྭར་ཕེབས་ཏེ་མཆོད་མཇལ་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༥ ཉིན་སྤྱི་འཐུས་རྣམ་པ་གཉིས་ཀྱིས་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་།  ལྕགས་པོ་རིའི་སྨན་རྩིས་ཁང་། ས་གནས་བོད་གཞུང་སྨན་རྩིས་ཁང་། བོད་ཀྱི་བཟོ་གྲྭ་བཅས་ལ་གཟིགས་བསྐོར་གནང་ཡོད་པ་དང་།   ཉིན་རྒྱབ་གཏན་སློབ་སློབ་གྲྭའི་ནང་འཛིན་གྲྭ་དགུ་པ་ཡན་གྱི་སློབ་མ་རྣམས་དང་། མི་མང་བཅས་འདུ་འཛོམས་གནང་བ་དང་། དེའི་སྐབས་སྤྱི་འཐུས་རྣམ་པ་གཉིས་ཀྱིས་གསུང་བཤད་གནང་ཡོད་པ་མ་ཟད། ཚོགས་བཅར་བའི་དོགས་འདྲི་རྣམས་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་འདུག དེ་ནས་སྤྱི་འཐུས་རྣམ་པ་གཉིས་ཀྱིས་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་འགྲེམས་སྟོན་ཁང་ལ་གཟིགས་བསྐོར་དང་། དེ་བཞིན་དེ་གའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་དང་། ཕྱོགས་མཚུངས་རྡོར་གླིང་ས་གནས་འགོ་འཛིན་དང་དྲུང་ཡིག  ས་གནས་ཆོལ་ཁ་གསུམ་གྱི་ཚོགས་གཙོ།  ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་འགན་འཛིན།  བོད་མིའི་བཟོ་གྲྭའི་འགན་འཛིན་བཅས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད་འདུག

གཟིགས་བསྐོར་ཕྱོགས་བསྐྱོད་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༥ ཚོགས་གནང་ཡོད་པ་མ་ཟད། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༢ ཙམ་གནང་ཡོད་འདུག དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༢ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས། །