༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༢༧ ནས་ཚེས་ ༢༩ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མིའི་སུད་ཚོང་གཉེར་སའི་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༣༠ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་ཡོད།
དེ་ཡང་སྤྱི་འཐུས་མཆོག་ཕྱི་ཚེས་ ༢༦ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༢༧ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་མི་རཏ་ (Meerut) བོད་མིའི་སུད་ཚོང་ཁྲོམ་སར་ཕེབས་ཐོན་གནང་སྟེ་ས་གནས་སུ་འབྱོར་མཚམས་འགན་ཁུར་མི་སྣས་སྣེ་ལེན་གཟབ་རྒྱས་ཞུས་གནང་བ་དང་། དེ་བཞིན་མ་ཐུ་ར་ (Mathura) བོད་མིའི་སུད་ཚོང་ཁག་གཉིས་སུ་ཕེབས་སྐབས་ཀྱང་སུད་ཚོང་སྡེ་ཚན་གྱི་འགོ་འཛིན་དང་། མི་མང་ནས་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག
ཕྱི་ཚེས་ ༢༧ ཉིན་ནས་སུད་ཚོང་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་མི་རཏ་ས་གནས་སུ་ཕེབས་ཐོན་གནང་སྟེ་བོད་མི་སུད་ཚོང་བ་རྣམས་དང་མཇལ་འཕྲད་ཀྱིས་ཚོགས་འདུ་ཚོགས་གནང་བ་དང་། ཚོགས་འདུའི་ཐོག་སྤྱི་འཐུས་མཆོག་ནས་གསུང་བཤད་དང་མི་མང་གི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་མ་ཟད། ཁྲོམ་སའི་འགན་འཛིན་རྣམས་དང་ལྷན་ས་གནས་ཀྱི་བདེ་སྡུག་དཀའ་སེལ་སླད་ཐབས་ལམ་ཇི་དགེའི་སྐོར་ལ་གྲོས་བསྡུར་ལྷུག་པོ་གནང་ཡོད། དེ་ནས་ལས་རིམ་ལྟར། ཕྱི་ཚེས་ ༢༨ ཉིན་མ་ཐུ་ར་ས་གནས་བོད་མིའི་སུད་ཚོང་ཁྲོམ་ས་ཀ་པ་དང་། ཁྲོམ་ས་ཁ་པའམ་ལྷ་སའི་ཁྲོམ་ས་བཅས་གཉིས་ལ་གཟིགས་བསྐོར་ཕེབས་གནང་སྟེ། མི་མང་དང་མཇལ་འཕྲད་ཀྱིས་ཚོགས་འདུ་ཚོགས་གནང་ཡོད་པ་དང་། ཕྱོགས་མཚུངས་སྤྱི་འཐུས་མཆོག་ནས་ས་གནས་ཁྲོམ་ས་ཁག་གསུམ་གྱི་བདེ་སྡུག་གནས་སྟངས་སོགས་ལ་རྒྱུས་ ལོན་མཐིལ་ཕྱིན་གནང་ཡོད་འདུག
གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སུད་ཚོང་མི་མང་རྣམས་ཀྱི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཀྱི་ཚོགས་འདུའི་ཐོག་སྤྱི་འཐུས་མཆོག་ནས་གསུང་བཤད་ཐེངས་ ༣ གནང་ཡོད་པ་དང་། མི་མང་འདུ་འཛོམས་སྐབས་སོ་སོར་སྤྱི་འཐུས་མཆོག་ནས་གཙོ་བོ་སྤྱི་ནོར་ ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་རིམ་སྐོར་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
དེ་བཞིན་སུད་ཚོང་མི་མང་ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། སུད་ཚོང་ས་གནས་དང་མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཀྱིས་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་ཅིག་ཡོངས་སུ་གྲུབ་པ་གནང་ཡོད། ད་རེས་སྤྱི་འཐུས་མཆོག་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།