སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་ནས་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༨  ནས་ཕྱི་ཟླ་ ༡༡ ཚེས་ ༦ བར་བལ་ཡུལ་ནང་གི་བོད་མིའི་གནས་སྡོད་གཞིས་ཆགས་སྤོག་ར་བཀྲ་ཤིས་གླིང་དང་། སྤོག་ར་བཀྲ་ཤིས་དཔལ་འཁྱིལ། སྤོག་ར་གློ་སྒྲིག་ཁོངས་བྱམས་པ་གླིང་དང་།  དཔལ་འབྱོར་གླིང་།  བཀྲ་ཤིས་སྒང་དང་།   གཞན་ཡང་གློ་ཚེ་རོག མ་ནང་ངམ་སྙེ་ཤང་བཅས་ལ་གཟིགས་སྐོར་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༩ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་པདྨ་འབྱུང་གནས་མཆོག་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་ཕྱི་ཚེས་ ༢༣ ཉིན་ཕྱི་དྲོ་ལྡི་ལིར་ཕེབས་འབྱོར་གནང་ཞིང་། ཕྱི་ཚེས་ ༢༤ ཉིན་སྤྱི་འཐུས་རྣམ་པ་གཉིས་ལྡི་ལི་ནས་བྷག་ཌོ་ར་བརྒྱུད་བལ་ཡུལ་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༥ ཉིན་རྒྱབ་བལ་ཡུལ་རྒྱལ་ས་ཀཋ་མན་གྲུ་ལ་ཕེབས་འབྱོར་གནང་བ་དང་། སྐབས་དེར་བལ་ཡུལ་དོན་གཅོད་དང་། མཆོད་འཇོར་ས་འཐུས་ཚོགས་གཙོ་དང་དབུས་གཙང་དབུས་རྒྱུན་ཚོགས་གཞོན་བསོད་ནམས་ལགས་དང་། དབུས་གཙང་ཚོགས་པའི་རྒྱུན་ལས་རྣམ་པ། མངའ་རིས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་སྤྱི་ཟུར་འཇམ་དབྱངས་འཕྲིན་ལས་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༢༦ ཉིན་རྒྱལ་ས་ཀཋ་མན་གྲུ་ནས་སྤོག་རར་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། སྤོག་ར་གཞིས་ཁག་གསུམ་གྱི་ས་གནས་འགོ་འཛིན་ནས་ཕེབས་བསུའི་སྣེ་ལེན་དང་། ཕྱི་ཚེས་ ༢༨ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་སྤྱི་འཐུས་རྣམ་པ་གཉིས་ནས་གློ་ཚེ་རོག་གཞིས་ཆགས་ནང་ཆེད་ཕེབས་ཀྱིས་ཆུ་བཞི་སྒང་དྲུག་གློ་དམག་སྒར་རྟེན་གཞི་བྱ་ཡུལ་གྱི་ལས་ཁུངས་དང་། བཟོ་གྲྭ། དེ་བཞིན་གཞིས་ཆགས་ཀྱི་ཞིང་ས་བཅས་ལ་གཟིགས་བསྐོར་གནང་ཞིང་། ཉིན་རྒྱབ་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་དང་མི་མང་གི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་བཀག་བེ་ནི་ལ་བཅར་ནས་ཁ་འཐོར་བོད་མིའི་འབྲེལ་མཐུད་པ་གཉིས་དང་ཐུག་འཕྲད་ཀྱིས་ས་གནས་ཀྱི་གནས་སྟངས་ལ་རྟོག་ཞིབ་དང་མ་འོངས་པའི་དཀའ་ངལ་བྱུང་རིགས་ས་གནས་འབྲེལ་མཐུད་པ་དང་ས་འགོ་ལ་ཞུ་དགོས་པ་སོགས་ཀྱི་ལམ་སྟོན་ཞུས་གནང་རྗེས། བཀག་ཆོས་སྡེ་ཐུབ་བསྟན་བསམ་འཕེལ་གླིང་དུ་གནས་མཇལ་ཞུས་གནང་འདུག

ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༡ བར་ཉིན་གསུམ་རིང་སྤྱི་འཐུས་རྣམ་པ་གཉིས་ནས་བཀྲ་ཤིས་གླིང་ཚོགས་ཁང་ནང་སྤོག་ར་གཞིས་ཁག་གསུམ་གྱི་ས་འཐུས་རྣམ་པ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཟབ་སྦྱོང་གནང་ཡོད་པ་དང་།  དེ་ནས་ལས་རིམ་ལྟར། ཕྱི་ཚེས་ ༢ ནས་ ༣ བར་སྤོག་ར་གློ་སྒྲིག་ཁོངས་བྱམས་པ་གླིང་གཞིས་ཆགས་དང་། དཔལ་འབྱོར་གླིང་གཞིས་ཆགས། བཀྲ་ཤིས་སྒང་གཞིས་ཆགས་དང་། སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་བཅས་ལ་རིམ་བཞིན་ཆེད་ཕེབས་གནང་སྟེ། གཞིས་ཆགས་ཁག་གི་མི་མང་སོ་སོར་མཇལ་འཕྲད་ཀྱིས་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་བཞིན་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་ལས་ཁུངས་ཁག་དང་། ས་གནས་སློབ་གྲྭ། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་རྒས་གསོ་ཁང་། ས་འཐུས་ཚོགས་ཁང་། བཟོ་གྲྭ། གདན་ཚོང་ཁང་བཅས་ལ་གཟིགས་བསྐོར་དང་། སྤོག་ར་གློ་སྒྲིག་གཞིས་ཆགས་སུ་ཆགས་པའི་བཀའ་འགྱུར་ལྷ་ཁང་དང་། གུ་རུ་ལྷ་ཁང་བཅས་ལ་གནས་མཇལ་ཡང་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༤ ཉིན་སྤྱི་འཐུས་རྣམ་པ་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་གཞིས་ཆགས་སུ་ཆེད་ཕེབས་གནང་སྟེ། གཞིས་དགོན་དཔལ་ལྡན་དར་རྒྱས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་དང་། དགོན་པར་མཆོད་མཇལ་ཞུས་གནང་རྗེས། ས་གནས་མི་མང་ཚོགས་ཁང་ནང་སྤྱི་འཐུས་རྣམ་པས་གསུང་བཤད་དང་། དེ་བཞིན་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་ཟུར་པ་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསོལ་སྩལ་གནང་བའི་ལས་འཁུར་ཞུས་པའི་ཕྱག་འཁྱེར་གནང་ཡོད་པ་དང་། དེ་ནས་གཞིས་ལས་ཁང་དང་། ས་གནས་གྲོས་ཚོགས་ཚོགས་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། བཟོ་གྲྭ། ས་གནས་སྨན་ཁང་། ཨེ་སེ་ཨོ་ཨེ་སེ་ལས་ཁུངས་དང་ཁྱིམ་ཚང་ཁག ལག་ཤེས་སྦྱོང་བརྡར་ཁང་སོགས་ལ་གཟིགས་བསྐོར་དང་། ཉིན་རྒྱབ་གཞིས་ཆགས་ཉེ་འདབས་རི་རྩེར་ཆགས་པའི་ཉི་ཧོང་གི་འཛམ་གླིང་ཞི་བདེའི་ལྷ་ཁང་ལ་མཆོད་མཇལ་ཞུས་གནང་འདུག

གཟིགས་བསྐོར་ཕྱོགས་བསྐྱོད་སྐབས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༥ ཙམ་གནང་ཡོད་པ་དང་། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་པ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས།  བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་སྐོར། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག

དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༩ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།

སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༥ ཉིན་སྤོག་ར་བཀྲ་ཤིས་གླིང་ནས་རྒྱལ་ས་ཀཋ་མན་གྲུ་ལ་ཕྱིར་ཕེབས་དང་། ཕྱི་ཚེས་ ༧ ཉིན་སྔ་དྲོ་བལ་ཡུལ་ནས་བྷག་ཌོ་ར་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་དྲོ་ལྡི་ལིར་ཕེབས་འབྱོར་གནང་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད་པ་བཅས། །

 

 

 

 

Menu