སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་དང་ས་གནས་ཁག་ཏུ་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།

༄༅།    ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་ཕྱི་ཟླ་ ༥ ཚེས་ ༢༢  ནས་ཕྱི་ཟླ་ ༦ ཚེས་ ༡༢ བར་བལ་ཡུལ་ནང་གི་བོད་མིའི་གནས་སྡོད་གཞིས་ཆགས་སྤོག་ར་བཀྲ་ཤིས་གླིང། སྤོག་ར་བཀྲ་ཤིས་དཔལ་འཁྱིལ། སྤོག་ར་གློ་སྒྲིག་ཁོངས་བྱམས་པ་གླིང་དང།  དཔལ་འབྱོར་གླིང།  བཀྲ་ཤིས་སྒང་དང།   གཞན་ཡང་་རྡོར་པ་ཊན། གློ་ཚེ་རོག མ་ནང་ངམ་སྙེ་ཤང་བཅས་ལ་གཟིགས་བསྐོར་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༡༦ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་པདྨ་འབྱུང་གནས་མཆོག་ཕྱི་ཟླ་ ༥ ཚེས་ ༢༢ དང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་ཕྱི་ཚེས་ ༢༣ ཉིན་རྡ་ས་ནས་ཕེབས་ཐོན་དང་། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་ཕེབས་ཐོན་གྱིས་ཚེས་ ༢༥ ཉིན་བལ་ཡུལ་རྒྱལ་ས་ཀཋ་མན་གྲུར་འབྱོར་འཕྲལ་དེ་གར་བལ་ཡུལ་དོན་གཅོད་ཁང་གི་དྲུང་ཆེ་དང་། དབུས་གཙང་ཚོགས་པའི་དབུས་རྒྱུན་ཚོགས་གཞོན། དབུས་རྒྱུན་ལས་ཐོག་དང་སྤྱི་ཟུར་འཇམ་དབྱངས་འཕྲིན་ལས་མཆོག ས་གནས་རྒྱུན་ལས་བཅས་ཀྱིས་སྣེ་ལེན་ཕེབས་བསུ་གནང་ཡོད་པ་དང་། དེ་བཞིན་ས་གནས་ཁག་སོ་སོར་གཟིགས་བསྐོར་ཕེབས་སྐབས་ས་གནས་སོ་སོའི་གནད་ཡོད་མི་སྣ་གཙོས་མི་མང་ནས་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག

གོང་གསལ་བོད་མིའི་གནས་སྡོད་གཞིས་ཆགས་དང་ས་གནས་ཁག་གི་སློབ་གྲྭ་དང་། དགོན་པ། སྨན་རྩིས་ཁང་། བཟོ་གྲྭ འགྲེམས་སྟོན་ཁང་། རྒས་གསོ་ཁང་། མཉམ་འབྲེལ་ལས་ཁུངས། ས་འཐུས་ཚོགས་ཁང་། རང་བདེན་ཚོགས་ཆུང་ལས་ཁུངས། ཉམ་ཐག་ཁྱིམ་ཚང་། སྤོག་ར་བཀྲ་ཤིས་གླིང་ནང་རྟེན་གཞི་བྱས་པའི་ཨེས་ཨོ་ཨེས་ (SOS) མཐོ་སློབ་དང་གཞིས་དགོན་དར་རྒྱས་གླིང་གི་དགོན་སྡེ་སོགས་ལ་གཟིགས་བསྐོར་ཕེབས་གནང་ཡོད་འདུག

གཟིགས་བསྐོར་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༦ དང་། མི་མང་འདུ་འཛོམས་ཐོག་གསུང་བཤད་ཐེངས་ ༧ བཅས་གནང་ཡོད་པ་དང་། ཐེངས་དེའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་པ་གཉིས་ནས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལང་ཕྱོགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་འདུག དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྐོར་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་བཅས་གནང་སྟེ་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ཉི་ཤུ་རྩ་དྲུག་ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག

ད་རེས་སྤྱི་འཐུས་རྣམ་པ་གཉིས་གཟིགས་བསྐོར་ཕྱོགས་ཕེབས་སུ་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།

 

 

 

 

Menu