སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ནས་ཟླ་ ༢ ཚེས་ ༣ བར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་། ཅེན་ན་ཡེ། པོན་ཌི་ཅ་རི་གསུམ་ལ་ས་བགོས་ཕྱོགས་བསྐྱོད་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་ཡོད་པ་དང་།

ཕྱོགས་བསྐྱོད་སྐབས་སྤྱི་འཐུས་རྣམ་གཉིས་ནས་བྷེང་ལོར་དུ་མཉམ་འབྲེལ་གྱི་སྣེ་འཛོམས་ཁྲོམ་ར་དང་མགྲོན་ཁང་། ཟ་ཁང་བཅས་ལ་གཟིགས་སྐོར་དང་། སྦེལ་ཀོབ་ཏུ་འབྲི་གུང་དགོན་པ་དང་། པདྨ་གསང་སྔགས་ཆོས་འཁོར་གླིང་། ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ། གཏན་སློབ། མཉམ་འབྲེལ་ལས་ཁུངས་ཨ་མ་དང་སྡེ་ཚན་ཁག གྲོང་སྡེ་ཁག་བཅས་དང་། དམིགས་བསལ་གྱིས་ཞིང་ཁར་གླང་ཆེན་གྱི་གནོད་སྐྱོན་ཚབས་ཆེ་ཕོག་ཡུལ་གྲོང་སྡེ་ ༡༠།༡༡།༡༢ བཅས་པའི་ཞིང་ས་དང་ཤིང་ནགས་སྡེ་ཚན་སོ་མཚམས་ཁག་སོགས་སུ་གཟིགས་སྐོར་རྟོག་ཞིབ་གནང་ཡོད།

དེ་བཞིན་བདེ་སླར་གཞིས་ཆགས་ཀྱི་ལས་བྱེད་གྲངས་ ༣༠ ཙམ་དང་ལྷན་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ། ཁོང་རྣམ་པས་ཞུས་པ་ཁག་ལས་ས་གནས་སུ་དཀའ་སེལ་ཐུབ་པ་ཁག་དེ་གར་ཐག་གཅོད་དང་། ས་གནས་ནས་གནང་མི་ཐུབ་པའི་རིགས་ལས་བསྡོམས་སྙན་ཐོར་བཀོད་འདུག

སྤྱི་འཐུས་པད་མ་འབྱུང་གནས་ལགས་ཀྱིས་ཅེན་ན་ཡེ་ལ་སློབ་ཕྲུག་ཚོར་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་སྐབས། གོ་པལ་སྤུར་བོད་ཁྱིམ་གྱི་སློབ་ཕྲུག་གསུམ་བོད་དོན་དྲིལ་བསྒྲགས་ཆེད་རྐང་འཁོར་སྐོར་བསྐྱོད་གནང་བཞིན་འདུག་པ་ཚོགས་བཅར་ཞུས་ཏེ་ལས་འགུལ་གྱི་དགོས་པ་དང་དམིགས་ཡུལ་ངོ་སྤྲོད་བྱས་འདུག

སྤྱི་འཐུས་རྣམ་གཉིས་ཀྱི་ལས་བསྡོམས་སུ་གཟིགས་ཚུལ་བཀོད་པའི་ནང་།

  • ས་བགོས་གནང་ཕྱོགས་ཐད་སྦེལ་ཀོབ་གཞིས་ཆགས་གཉིས་ས་འདྲེས་ལྟ་བུ་ཆགས་ཡོད་ཀྱང་ས་བགོས་ཐ་དད་བཞག་པ་དེས་མང་ཚོགས་ནང་བསམ་ཚུལ་ཤོད་མཁན་འདུག་པ་དང་ངོས་གཉིས་ནས་ཀྱང་དེ་ལྟར་མཐོང་སོང་།
  • ས་གནས་ཡུལ་མི་དང་བོད་པ་ཚང་མས་ས་འོག་ཆུ་འདྲེན་མ་གནང་ཚེ་ས་འོག་ཆུ་གསོག་རྒྱུར་ཕན་ཐོགས་ངེས་ཅན་ཡོང་ངེས་ཀྱང་། བཀའ་ཤག་གོང་མའི་སྐབས་བོད་པས་ས་འོག་ཆུ་འདྲེན་མི་ཆོག་པའི་བཀོད་རྒྱ་དེས་རྒྱུ་མཚན་ཚད་ལྡན་མེད་པར་བོད་པར་དོན་མེད་གྱོང་གུན་གནང་བ་ལྟ་བུ་འདུག་པ་མ་ཟད། ད་ལྟའི་ཆར་བོད་པའི་ཞིང་ཁ་ཤས་ལ་ས་འོག་ཆུ་འདྲེན་གནང་བཞིན་འདུག་པ་གཞུང་གི་བཀའ་བརྩི་དང་ལེན་ཞུ་མཁན་ལ་དོ་ཕོག་སྤྲོད་མཁན་ལྟ་བུ་རེད་འདུག་ཅེས་སོགས་བཀོད་འདུག

ལས་བསྡོམས་སུ་ཛ་དྲག་མཇུག་སྐྱོང་དང་གཟིགས་རྟོག་དགོས་པའི་དོན་གནད་ཁག་བཀོད་པ་གཤམ་གསལ།

  • སོ་ནམ་འདེབས་ལས་ཐད་ཕུགས་རྒྱང་རིང་པོར་རྫས་སྦྱོར་དང་སྲོལ་རྒྱུན་གཉིས་གང་ལེགས་པ་ཡོད་སྐོར་བསྐྱར་ཞིབ་གནང་གལ།
  • ས་འོག་ཆུ་འདྲེན་ཆོག་པའི་བཀའ་འཁྲོལ་འཕྲལ་མར་གནང་གལ།
  • ཀེམ་ ༡༠།༡༡།༡༢ གསུམ་ལ་གླང་ཆེན་གྱིས་འཚེ་བ་ཤུགས་ཆེ་བྱེད་བཞིན་འདུག་པ་གླང་ཆེན་འགོག་པའི་ར་བ་བསྐོར་དགོས་པ།
  • ཅ་ཀུར་ལ་སོགས་ཡུལ་མི་དང་ས་འདྲེས་ཁག་ལ་སླད་དཀའ་ངལ་སྣོན་མ་མི་ཡོང་ཆེད་ར་བ་བསྐོར་དགོས་པ།
  • ཕྲུ་གུ་རྣམས་ནང་ཆོས་ལ་དོ་དབྱིངས་ཡོང་སླད་ཆོས་རིག་ལས་ཁུངས་ནས་མདོ་མཛངས་བླུན་ནང་ཡོད་པའི་སྒྲུང་ཁག་གློག་བརྙན་(Cartoon)བཟོས་ནས་ཁྱབ་སྤེལ་གནང་ཐབས་གནང་གལ།
  • ཤེས་རིག་ལས་ཁུངས་དང་བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་སློབ་ཡོན་བཞེས་ཏེ་མཐོ་སློབ་ཏུ་འགྲོ་བཞིན་པ་དག་ལ་སློབ་ཡོན་སྤྲོད་ཐེངས་སོ་སོར་ལམ་སྟོན་གསར་པ་ཇི་བཟོས་སྔ་ཚུད་ནས་སྔོན་བརྡ་མ་བྱུང་བ་ལ་བརྟེན་ནས་དཀའ་ངལ་འཕྲད་དང་འཕྲད་ཡོད་གནས་ཞུས་སོང་ན། མ་འོངས་པར་མི་ཡོང་བ་གནང་གལ།
  • དེ་བཞིན་འཐོབ་བཞིན་པའི་སློབ་ཡོན་དེས་འདང་ཐབས་མི་འདུག་ན་སླད་གནས་སྟངས་ལ་གཞིགས་པའི་སློབ་ཡོན་སྤར་ཐབས་དང་། དེའི་ནང་ནས་དྭ་ཕྲུག་དང་ཕྱེད་དྭ་ཕྲུག  ཉམ་ཐག་བཅས་ལ་དམིགས་བསལ་དགོངས་བཞེས་གནང་དགོས་གནས་ཞུས་སོང་ན་དགོངས་བཞེས་གནང་གལ། །
Menu