༄༅།ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༢ ཉིན་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་ཆ་ཤས་སུ་ཨ་རི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ས་གནས་བོད་རིགས་ཚོགས་པ་བཅས་ཀྱིས་གོ་སྒྲིག་གནང་ཡོད་པར་བོད་མི་མང་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་མཆོག་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཆེད་བཅར་གནང་ཡོད་འདུག
མཛད་སྒོའི་སར་ཁོང་གིས་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གསུང་དོན། འདས་པའི་ལོ་ངོ་ ༥༠ ལྷག་ནང་ཨི་རིས་བོད་མི་ཚོར་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཐོག་རྒྱབ་སྐྱོར་གནང་ནས་བོད་པའི་རིག་གཞུང་དང་ངོ་བོ། རྒྱུན་སྲོལ་དང་གོམས་གཤིས་སོགས་སྲུང་སྐྱོབ་གནང་བ་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་ཆེ་མཐོང་ཞུ་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག
དེ་བཞིན་༸གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྤྱི་མོས་ཐོག་ནས་བོད་དུ་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་ Reciprocal Access to Tibet Act ཞེས་པ་གཏན་འབེབས་གནང་པ་སོགས་སྐོར་གསུངས་ཡོད་པ་དང་།
དེ་རྗེས་༧གོང་ས་མཆོག་གིས་བོད་མིའི་ཐོག་བཅངས་གནང་བའི་ཕུགས་རྒྱང་རིང་པོའི་དགོངས་བཞེས་དང་། གཟིགས་སྐྱོང་དང་། བྱམས་བརྩེ་ལ་བཀའ་དྲིན་ཆེ་ཞེས་ཞུས་གནང་བ་དང་། དེ་བཞིན་བོད་ཀྱི་ལོ་རྒྱུས་ནང་ཛ་དྲག་གི་གནས་སྟངས་འདི་ལྟ་བུར་ཚང་མས་བོད་ཀྱི་གནད་དོན་སེལ་ཕྱིར་དབུ་མའི་ལམ་དང་བོད་རྒྱ་ཞི་མོལ་ཡོང་བར་རྒྱབ་སྐྱོར་་དང་། བོད་ནང་གིས་ཆབ་སྲིད་བཙོན་པ་རྣམས་གློད་དཀྲོལ་གཏོང་ཕྱིར་རྒྱ་གཞུང་ལ་གནོན་ཤུགས། དེ་བཞིན་བོད་པའི་རིག་གཞུང་སྲུང་སྐྱོབ་དང་བདེ་དོན་ཆེད་རོགས་བསྐྱོར་གནང་སྐྱོང་ཡོང་པའི་འབོད་སྐུལ་ཞུས་ཏེ་སླར་ཨ་རིའི་གཞུང་མང་གཉིས་ལ་བོད་མི་ཚང་མའི་ཚབ་ཞུས་ཏེ་ཐུགས་རྫེ་ཆེ་ཞེས་ཞུས་གནང་ཡོད་པའི་གནས་ཚུལ་དུ།