སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་སྦན་ད་ར་ནོར་རྒྱས་གླིང་དང་མན་སྤར་ཕན་བདེ་གླིང་གཞིས་ཆགས་བཅས་གཉིས་དང་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༢༢ བར་ཉིན་གྲངས་ ༢༣ རིང་སྦན་ད་ར་ནོར་རྒྱས་གླིང་དང་། མན་སྤར་ཕན་བདེ་གླིང་གཞིས་ཆགས་བཅས་གཉིས་དང་། དེའི་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ ༡༦ ཙམ་ལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་ཕྱིར་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་མཆོག་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་མཧ་རཱཤཀྲ་ (Maharashtra) མངའ་སྡེའི་གྲོང་ཁྱེར་ནག་པུར་ (Nagpur) དུ་ཕེབས་འབྱོར་སྐབས། སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་དང་། ཕྱོགས་བཞུགས་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་སོགས་ནས་ཕེབས་བསུ་ཞུས་གནང་ཡོད་འདུག

ཉིན་དེའི་ཕྱི་དྲོར་རྒྱ་གར་རྒྱལ་ཡོངས་ཌོཀ་ཊར་ཨམ་བྷེ་ཊི་ཀར་ཐེབས་རྩའི་ (Dr.Ambedkar Foundation) ཚོགས་གཞོན་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཤོཀ་ ཨསི་ མཱེན་ཌེ་ (Ashok S.Mendhe) མཆོག་རྣམ་གཉིས་མཇལ་འཕྲད་གནང་སྟེ། ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་མུ་མཐུད་བོད་དོན་ཆབ་སྲིད་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་དང་། ས་གནས་འགོ་འཛིན་ནས་ཀྱང་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ (Tibetan Rehabilitation Policy 2014) ཞེས་པ་གཏན་འབེབས་གནང་ཡོད་པ་དེ་བཞིན་མངའ་སྡེ་མང་པོས་ལག་བསྟར་གནང་གི་ཡོད་ཀྱང་། མཧཱ་རཱཤཀྲ་མངའ་སྡེའི་ནང་ད་དུང་ལག་བསྟར་ཐུབ་ཀྱི་མེད་པ་དེ་གང་མགྱོགས་ལག་བསྟར་ཡོང་ཐུབ་ཐབས་སླད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་པར། སྐུ་ཞབས་ཨ་ཤོཀ་ ཨསི་ མཱེན་ཌེ་མཆོག་གིས་ད་ལོའི་ཕྱི་ཟླ་ ༡༢ པའི་ནང་མཧཱ་རཱཤཀྲ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་ནག་པུར་དུ་འཚོགས་འཆར་ཡོད་སྟབས། སྐབས་དེར་སྦན་ད་ར་ས་གནས་འགོ་འཛིན་དང་མཉམ་དུ་གྲོས་ཚོགས་འཐུས་མི་དང་། འཛིན་སྐྱོང་གི་མི་སྣ་གང་མང་མང་ལ་ཐུག་འཕྲད་ཀྱིས་ཞུ་སྐུལ་གནང་རྒྱུ་ཡིན་སྐོར་ཞལ་བཞེས་གནང་ཡོད་འདུག

ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་ནག་པུར་བོད་མིའི་སུད་ཚོང་ཁྲོམ་སར་ཕེབས་སྐབས། ས་གནས་སུད་ཚོང་འཐུས་མི་རྣམ་པས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། སྐབས་དེར་སྤྱི་འཐུས་མཆོག་གིས་སུད་ཚོང་མི་མང་རྣམས་ལ་བོད་ནང་གི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན། ཁྲོམ་སར་གཟིགས་བསྐོར་གནང་ཡོད་པ་དང་།

ཉིན་རྒྱབ་ཝར་དྷ་ (Wardha) དང་། ཡོལ་མག (Yavatmal) བཅས་གཉིས་དང་། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོར་ཅན་དྷར་པུར་ (Chandrapur) བཅས་སུ་ཕེབས་ཏེ། ས་གནས་བོད་མི་སུད་ཚོང་བ་རྣམས་ཚོགས་འདུ་བསྐོངས་ཏེ། གོང་བཞིན་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་སྐབས། ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་འབྲེལ་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། དགོན་སྡེ་དང་སློབ་གྲྭ། དེ་བཞིན་གཞིས་གྲོང་ཁག་གི་སྤྱི་མི་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད་པ་དང་།

ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་སྦན་ད་ར་ནོར་རྒྱས་གླིང་གི་གཞིས་དགོན་ཐེག་ཆེན་གླིང་དང་། སྔ་འགྱུར་སྒྲུབ་བརྒྱུད་ཆོས་འཕེལ་གླིང་གཉིས་ལ་མཆོད་མཇལ་དང་། རྒས་གསོ་ཁང་། ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་འབྲེལ། གངས་ལྗོངས་ནོར་འབྲས་བཟོ་གྲྭ། གཞིས་གྲོང་གཉིས་པ་དང་། ཉིན་རྒྱབ་སློབ་གྲྭ་དང་སྨན་རྩིས་ཁང་། འཕྲོད་བསྟེན་སྨན་ཁང་བཅས་སུ་གཟིགས་བསྐོར་དང་། སློབ་གྲྭའི་ནང་སློབ་གྲྭའི་དགེ་ཆེ་མཆོག་གིས་རེ་སྐུལ་ཞུས་དོན་ལྟར། སློབ་གྲྭའི་དགེ་ལས་ཡོངས་ལ་བཀའ་སློབ་བཅས་གནང་ཡོད་འདུག

ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་གཞིས་དགོན་གྱི་ཆོས་རྭའི་ནང་གཞིས་གྲོང་གཉིས་ཀྱི་མི་མང་ ༡༣༨ ཙམ་ཚོགས་འདུ་བསྐོངས་ཏེ། བོད་ནང་གི་གནས་སྟངས་དང་། རྒྱ་ནག་དང་རྒྱལ་སྤྱིའི་ཐོག་གི་བོད་དོན་གནས་སྟངས་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་ཆུ་ཚོད་ ༣ ཙམ་རིང་གནང་ཡོད་པ་དང་། ཉིན་རྒྱབ་མི་མང་ཚོགས་ཁང་དུ་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་དང་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་རྣམས་ལ་ལྷན་བཞུགས་མོལ་ཚོགས་འདུ་འཚོགས་གནང་ཡོད་འདུག

ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་གཞིས་གྲོང་གཉིས་པའི་ཞིང་ས་དང་ཆུ་རགས་དང་། ཉིན་རྒྱབ་གཞིས་གྲོང་དང་པོའི་ཞིང་ས་དང་། གཞིས་གྲོང་དང་པོ་བཅས་ལ་གཟིགས་བསྐོར་གནང་ཡོད་འདུག

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ས་གནས་འགོ་འཛིན་གྱི་ཕེབས་སྐྱེལ་འོག་སྦན་ད་ར་ནས་གྷོན་ཌིཡ་ཕྱོགས་ལ་ཕེབས་ཐོན་གནང་སྟེ། ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་གྷོན་ཌིཡ་ (Gondia) སུད་ཚོང་ཁྲོམ་སར་གཟིགས་བསྐོར་དང་། ཉིན་རྒྱབ་ཆུ་ཚོད་ ༡།༡༥ སྟེང་མེ་འཁོར་བརྒྱུད་རྒྱ་གར་ཆ་ཏི་སི་སྒར་ (Chattisgarh) མངའ་སྡེའི་གྲོང་ཁྱེར་རྡུ་རུག་ (Durg) ཏུ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་ཕེབས་འབྱོར་སྐབས། མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་རིན་ཆེན་ལགས་ཀྱིས་སྣེ་ལེན་ཕེབས་བསུ་ཞུས་གནང་ཡོད་པ་དང་།  ཉིན་དེའི་དགོང་མོ་རྡུ་རུག་དང་། བྷི་ལཡེ་ (Bhilai) ས་གནས་བོད་མི་སུད་ཚོང་བ་རྣམས་དང་ལྷན་ཚོགས་འདུ་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༨ ཉིན་རའི་པུར་ (Raipur) དང་། སྦི་ལཱས་པུར་ (bilaspur) བཅས་ལ་ཕེབས་ཏེ། ས་གནས་དེ་དག་གི་བོད་མི་སུད་ཚོང་བ་རྣམས་ཚོགས་འདུ་བསྡུ་སྐོང་གིས་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག

ཕྱི་ཚེས་ ༩ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་ཨམ་བྷེད་ཀ་པུར་ (Ambikapur) ས་གནས་ཀྱི་བོད་མི་སུད་ཚོང་བ་རྣམས་ཐུག་འཕྲད་ཞུས་རྗེས། མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་འབྱོར་སྐབས། ས་གནས་འགོ་འཛིན་ལས་ཁུངས་གཙོས་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་གཞིས་གྲོང་ཁག་གི་བརྒྱ་དཔོན། དེ་བཞིན། གཞིས་གྲོང་དང་པོའི་མི་མང་བཅས་ནས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་གཞིས་དགོན་དྭགས་པོ་གྲྭ་ཚང་ལ་མཆོད་མཇལ་ཞུས་རྗེས། གཞིས་གྲོང་བཞི་པའི་ཚོགས་ཁང་དུ་གཞིས་གྲོང་བཞི་པ་ལྔ་པ་དྲུག་པ་བཅས་ཀྱི་མི་མང་རྣམས་ཚོགས་འདུར་བསྐོངས་ཏེ། བོད་པའི་རྩ་དོན་འཐབ་རྩོད་ཀྱི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གྲུབ་རྗེས། གོང་གསལ་གཞིས་གྲོང་ཁག་གསུམ་ལ་གཟིགས་བསྐོར་གནང་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་མན་སྤར་ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་འབྲེལ། མན་སྤར་སམ་བྷོ་ཊ་ཉིན་སློབ་བཅས་ལ་གཟིགས་བསྐོར་དང་། སློབ་གྲྭའི་དགེ་ཆེ་མཆོག་གིས་རེ་སྐུལ་ཞུས་དོན་ལྟར། སྤྱི་འཐུས་མཆོག་གིས་སློབ་གྲྭའི་དགེ་ལས་ཡོངས་ལ་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད་འདུག ཉིན་རྒྱབ་མན་སྤར་རྒས་གསོ་ཁང་དང་། སྨན་ཁང་བཅས་གཉིས་ལ་གཟིགས་བསྐོར་གནང་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་གཞིས་གྲོང་གཉིས་པའི་སྤྱི་ཁང་དུ། གཞིས་གྲོང་གཉིས་པ་དང་བདུན་པའི་མི་མང་རྣམས་ཚོགས་འདུར་བསྐོངས་ཏེ། ༧གོང་ས་མཆོག་གི་མཛད་འཕྲིན་དང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་རྗེས། གོང་གསལ་གཞིས་གྲོང་གཉིས་དང་ཞིང་ཁ་བཅས་སུ་གཟིགས་བསྐོར་གནང་ཡོད་པ་དང་། ཉིན་རྒྱབ་མན་སྤར་མི་མང་ཚོགས་ཁང་ཆེན་མོའི་ནང་། གཞིས་འགོ་ལས་ཁུངས་དང་མཉམ་འབྲེལ། སམ་བྷོ་ཊ་ཉིན་སློབ་དང་སློབ་ཕྲུག་ཉལ་ཁང་། རྒས་གསོ་ཁང་། སྨན་རྩིས་ཁང་དང་འཕྲོད་བསྟེན་སྨན་ཁང་བཅས་ཀྱི་སྲི་ཞུ་ལས་བྱེད་ཡོངས་ལ་བོད་པའི་ཛ་དྲག་གནས་བབ་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་གཞིས་གྲོང་དང་པོའི་སྤྱི་ཁང་དུ། གཞིས་གྲོང་དང་པོ་དང་གསུམ་པའི་མི་མང་རྣམས་ཚོགས་འདུར་བསྐོངས་ཏེ། གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་ཡོད་པ་དང་། ཉིན་རྒྱབ་མི་མང་ཚོགས་ཁང་ཆེན་མོའི་ནང་། ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་འཚོགས་གནང་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་གྱི་ཐོ་རངས་ཆུ་ཚོད་ ༤ པ་ཙམ་ལ་མན་སྤར་ཕན་བདེ་གླིང་གཞིས་ཆགས་ནས་རྒྱ་གར་གྱི་མངའ་སྡེ་མ་ཌི་ཡ་པར་ཌེ་ཤི་ (Madhya Pradesh) ཡི་གྲོང་ཁྱེར་ཇཱ་པལ་པུར་ (Jabalpur) དུ་ཕེབས་ཐོན་གནང་སྟེ། ས་གནས་བོད་མི་སུད་ཚོང་བ་ཚོར་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་ས་གྷར་ (Sagar) དུ་ཕེབས་འབྱོར་སྐབས། ས་གནས་སུད་ཚོང་འཐུས་མི་དོན་གྲུབ་བསྟན་འཛིན་ལགས་དང་། ས་གྷར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ (Indo-Tibet Friendship Society) ཚོགས་གཙོ་སྐུ་ཞབས་ཨེམ་ ཌི་ ཊིར་པཱ་ཐི་ (M.D Tripathi) ལགས་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ས་གྷར་སུད་ཚོང་མི་མང་དང་ཧིན་བོད་མཛའ་འབྲེལ་ཚོགས་པ་མཉམ་འབྲེལ་ཐོག་མཛད་སྒོ་ཞིག་འཚོགས་ཏེ། སྐུ་མགྲོན་གཙོ་བོར་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཇི་ བྷ་ཧ་རྡུར་ སིང་ (Shri Rajbahadur Singh,MP) མཆོག གཞན་ཡང་། ས་གནས་ཆོས་ལུགས་རིས་མེད་ཀྱི་ཚོགས་གཙོ་ཁ་ཆེ་བ་ཨབ་ཌོལ་ ར་ཤི་ཌ་བྷཡེ་ (Abdul Rashid Bhai) མཆོག་དང་ཚོགས་མི་སྐུ་ཞབས་ཆིམ་པག་ བྷཡེ་ (Mr Chimpak Bhai) མཆོག་བཅས་གདན་ཞུས་དང་། ས་གནས་ཀྱི་བརྙན་འཕྲིན་དང་ཚགས་པར་སོགས་ཀྱི་གསར་འགོད་པའང་མང་པོ་ཕེབས་ཡོད་འདུག

མཛད་སྒོའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཁོང་དེ་སྔ་ཕྱི་ལོ་ ༡༩༩༧ ལོ་ནས་བོད་དོན་ཐོག་ཕྱག་ལས་གནང་འགོ་བཙུགས་ཡོད་པ་དང་། ཧིན་རྡུའི་ཆོས་ལུགས་ནང་བོད་ཡུལ་དེ་ལྷ་ཡུལ་དང་བོད་པ་ལྷ་ལྟ་བུ་ཞིག་ཏུ་བརྩི་བཞིན་ཡོད་སྐོར། དེ་བཞིན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་འཆམ་མཐུན། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བཅས་ཀྱི་ཐད་ཕྱག་ལས་གནང་གི་ཡོད་སྟབས། རྒྱ་གར་སྲིད་བློན་མཆོག་གིས་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷ་ར་ཊི་རཱ་ཊི་ནཱ་ (Bharat Ratna) ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་དགོས་སྐོར་སོགས་གསུངས་གནང་ཡོད་པ་དང་།

རྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཇི་ བྷ་ཧ་རྡུར་ སིང་མཆོག

རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཇི་ བྷ་ཧ་རྡུར་ སིང་མཆོག་གིས་ཁོ་རང་སྐྱེས་ཡུལ་ས་གནས་དེ་རང་ཡིན་པ་དང་། ཁོང་ཆུང་ཆུང་སྐབས་ནས་བོད་པའི་སུད་ཚོང་བ་རྣམས་ས་གནས་དེར་ཡོད་པ་མ་ཟད་ཁོ་རང་དེར་འགྲོ་རྒྱུར་དགའ་པོ་ཡོད་པ། ཐེངས་འདིར་བཞུགས་སྒར་རྡ་ས་ནས་བོད་པའི་གྲོས་ཚོགས་འཐུས་མི་ཞིག་ཁོ་རང་གི་ས་གནས་སུ་ཕེབས་པར་ཧ་ཅང་དགའ་པོ་བྱུང་སྐོར། མ་འོངས་པར་བོད་པ་སུད་ཚོང་བ་ཚོར་དཀའ་ངལ་གང་འཕྲད་ཀྱང་རོགས་པ་གནང་རྒྱུ་ཡིན་པ་མ་ཟད། རྩ་བའི་སྐུ་ཞབས་ཁོང་བོད་དོན་ལའང་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན་པ་དང་མ་འོངས་པར་ཡང་གང་ཐུབ་གནང་རྒྱུ་ཡིན་སྐོར་སོགས་གསུངས་གནང་འདུག

དེ་རྗེས་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་གིས་གསུང་བཤད་གནང་དོན། འཕགས་བོད་གཉིས་ལོ་རྒྱུས་ཐོག་ཆོས་རིག་གི་འབྲེལ་བ་ཟབ་མོ་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་སར་བཙན་འཛུལ་བྱེད་སྐབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུས་པའི་བོད་མི་ཁྲི་ཕྲག་མང་པོ་རྒྱ་གར་ལ་བཙན་བྱོལ་དུ་ཡོང་སྐབས་རྒྱ་གར་གཞུང་གིས་གནས་ཚང་གཡར་བ་དང་། སྐབས་དེ་ནས་བཟུང་ད་བར་བོད་མི་ཚོར་གཟིགས་སྐྱོང་བླ་མེད་གནང་བ་བཅས་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ། བོད་མཐོ་སྒང་གི་ཁོར་ཡུག་དེ་འཛམ་གླིང་སྤྱི་ལ་གལ་གནད་ཆགས་ཡོད་པ་དང་། ཡང་སྒོས་བོད་ནས་འབབ་བཞིན་པའི་ཆུ་བོ་རྣམས་རྒྱ་གར་མི་མང་ས་ཡ་མང་པོའི་འཚོ་རྟེན་ཆགས་ཡོད་པ་བཅས་ལ་བརྟེན། རྒྱ་གར་གཞུང་མང་གཉིས་ནས་སྔར་ལྷག་བོད་པའི་ཆབ་སྲིད་ཐོག་རྒྱབ་སྐྱོར་གནང་རྒྱུ་དེ་རྒྱ་གར་གྱི་ཁེ་ཕན་དང་བདེ་འཇགས་ལ་འབྲེལ་བ་ཡོད་པ་སོགས་གསུངས་གནང་ཡོད་འདུག མཇུག་ཏུ་རྒྱ་གར་གྲོས་ཚོགས་འཐུས་མི་དང་སྤྱི་འཐུས་རྣམ་གཉིས་ཐུན་མོང་ནས་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་ཞུས་རྗེས་མཛད་སྒོ་ལེགས་པར་གྲུབ་གནང་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢།༠༠ སྟེང་ས་གྷར་ས་གནས་སློབ་གྲྭ་ (Jain Public Higher Secondary School in Gopalganj, Sagar) ཞེས་པས་སྤྱི་འཐུས་མཆོག་གདན་ཞུས་གནང་བ་ལྟར་ཕེབས་སྐབས། ལམ་ཟུར་དུ་སློབ་ཕྲུག་ཚོས་རུ་བསྒྲིགས་ཀྱིས་དབྱངས་ཅན་མའི་བསྟོད་པ་སྐྱོར་བ་སོགས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག་ལ། སློབ་གྲྭའི་ཚོགས་ཁང་དུ་ཕེབས་བསུའི་མཛད་སྒོ་འཚོགས་ཏེ་སློབ་སྤྱི་ཀེ་ ཀེ་ སུ་རཱ་ཧྥི་ (Prof. Mr.K.K. Suraf) མཆོག་གིས་དབུས་པའི་དགེ་ལས་ཚོས་སྤྱི་འཐུས་མཆོག་ལ་མེ་ཏོག་གི་ཕྲེང་བ་བསྒྲོན་པ་དང་། སིནྡཱུ་རཾ་ས་སེར་གཏོར་བ་སོགས་གུས་བརྩི་དང་ཆེ་མཐོང་ཆེན་པོ་ཞུས་ཡོད་འདུག

སྐབས་དེར་སྤྱི་འཐུས་མཆོག་གིས་སློབ་གྲྭའི་དགེ་ལས་དང་འཛིན་རིམ་མཐོ་བའི་སློབ་ཕྲུག་ ༡༠༠ ཙམ་ལ་སྐད་སྒྱུར་བརྒྱུད་ལོ་ངོ་སྟོང་ཕྲག་གི་འཕགས་བོད་མཛའ་འབྲེལ་ལོ་རྒྱུས་དང་། བོད་ནང་གི་ད་ལྟའི་གནས་སྟངས་སོགས་ངོ་སྤྲོད་གསུང་བཤད་གནང་ཡོད་འདུག

ཉིན་དེའི་ཕྱི་དྲོ་ས་གྷར་ནས་བྷོ་པལ་ (Bhopal) ཕེབས་ཐོན་གྱིས་མཚན་ཆུ་ཚོད་ ༡༡ ཙམ་ལ་ས་གནས་སུ་འབྱོར་བ་དང་། ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཨིན་རྡོར་ (Indore) ས་གནས་སུ་ཕེབས་འབྱོར་གནང་ཡོད་འདུག ས་གནས་དེ་གཉིས་སུ་རིམ་པ་བཞིན་བོད་མི་སུད་ཚོང་བ་ཚོར་ཚོགས་འདུ་བསྡུ་སྐོང་གིས་གསུང་བཤད་དང་དྲི་བ་དྲིས་ལན། ཁྲོམ་སར་གཟིགས་བསྐོར་བཅས་གནང་ཡོད་པ་མ་ཟད། ཨིན་རྡོར་དུ་བརྙན་འཕྲིན་དང་ཚགས་པར་གྱི་གསར་འགོད་པ་ཁག་ཅིག་གིས་བཅར་འདྲིའི་ལན་དུ་བོད་དོན་སྐོར་ངོ་སྤྲོད་གནང་རྒྱུའི་གོ་སྐབས་བྱུང་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ཨུ་ཇན་ (Ujjain) དུ་ཕེབས་འབྱོར་གནང་ཡོད་པ་དང་། ཚེས་ ༡༩ ཉིན་ཨུ་ཇན་བོད་མིའི་སུད་ཚོང་ཁྲོམ་སར་གཟིགས་བསྐོར་དང་མི་མང་ལ་གསུང་བཤད། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་རྒྱ་གར་ཨུ་ཊར་པར་ཌེ་ཤིའི་མངའ་སྡེ་ (Uttar Pradesh) གྲོང་ཁྱེར་ཇཱན་སི་ (Jhansi) ལ་ཕེབས་འབྱོར་གནང་སྟེ། གོང་བཞིན་བརྗོད་གཞིའི་ཐོག་ས་གནས་བོད་མི་སུད་ཚོང་བ་ཚོར་ཐུག་འཕྲད་ཀྱིས་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ ཙམ་ལ་ཕྱིར་ལྡི་ལིར་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕེབས་ཐོན་གནང་སྟེ། ཚེས་ ༢༢ ཉིན་གྱི་སྔ་དྲོ་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད།

ཐེངས་འདིར་སྤྱི་འཐུས་མཆོག་ཉིན་གྲངས་ ༢༣ རིང་རྒྱ་གར་དབུས་བོད་མིའི་གཞིས་ཆགས་ཁག་ ༢ དང་། ཁྱབ་ཁོངས་མངའ་སྡེ་ཁག་ ༤ ནང་གི་བོད་མིའི་སུད་ཚོང་ས་གནས་ཁག་ ༡༦ ཙམ་ལ་ཕྱོགས་བསྐྱོད་གནང་ཐུབ་ཡོད་པ་དང་། གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༢ དང་། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་གིས་གསུང་བཤད་ཐེངས་ ༢༠ ལྷག་གནང་ཡོད། དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཉིན་གྲངས་ ༢༣ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། སྤྱི་འཐུས་མཆོག་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །