སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།

༄༅། །བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༤ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་འགོ་བཙུགས་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཟླ་འདིའི་ཚེས་ ༢༤ ཉིན་སྡེ་ར་ལྡུན་ས་གནས་སུ་ཕེབས་འབྱོར་སྐབས། ས་གནས་ཀྱི་གནད་ཡོད་མི་སྣས་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་། ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ས་སྐྱ་ཆོས་སྒར་དང་། འབྲི་གུང་བཀའ་བརྒྱུད་བྱང་ཆུབ་གླིང་དགོན། མངོན་དགའ་སློབ་གྲྭ། སྲོང་བཙན་དཔེ་མཛོད་བཅས་སུ་གཟིགས་སྐོར་དང་། ཉིན་རྒྱབ་སྡེ་ར་ལྡུན་ས་འགོ་ལས་ཁུངས་དང་། བདེ་སྐྱིད་གླིང་དམག་ཟུར་ལས་ཁུངས་དང་། བཟོ་གྲྭ། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་སྨན་རྩིས་ཁང་། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁུངས། བདེ་སྐྱིད་གླིང་བོད་ཁྱིམ་སློབ་གྲྭ། དགེ་འཕེལ་གླིང་གཞིས་ཆགས་བཅས་སུ་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་མ་སུ་རི་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དང་། དེ་རྗེས་དགེ་སློབ་ཡོངས་ཚང་འཛོམས་ཐོག སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་བོད་ཀྱི་སྐད་ཡིག་གི་གལ་གནད་དང་། དགེ་སློབ་ཚོས་སྐད་ཡིག་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་སྐོར་གསུང་བཤད་གནང་བ་དང་།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་ཤེས་ཡོན་གྱི་གལ་གནད་དང་། སློབ་ཕྲུག་གི་འགན་ཁུར་ཇི་ལྟར་གནང་ཕྱོགས་ཐོག་གསུང་བཤད་གནང་རྗེས། དགེ་སློབ་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཉིན་རྒྱབ་མ་སུ་རི་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དང་། སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་འདུག

ཕྱི་དྲོ་མ་སུ་རི་ཁ་འཐོར་མི་མང་རྣམས་ཀྱི་བསམ་ཚུལ་བསྡུ་ལེན་གནང་བ་དང་། དེ་ནས་ཨུཏྟར་ཁནྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སུཀ་བྷིར་ སིང་ སན་རྡུ་ (Sukhbir Singh Sandhu, Chief Secretary of Uttarakhand) མཆོག་དང་ལྷན་མཇལ་འཕྲད་ཀྱིས། དེ་སྔོན་ནད་ཡམས་བྱུང་སྐབས་སྔོན་འགོག་སྨན་ཁབ་རིན་མེད་མཁོ་སྤྲོད་གནང་བ་སོགས་ཕྱོགས་ཡོངས་ནས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ལག་བསྟར་ཡོང་བ། དགེ་འཕེལ་གླིང་གི་ལམ་ཁ་གསར་བཟོའི་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་པར། སྐུ་ཞབས་ཁོང་ནས་རོགས་རམ་གནང་རྒྱུའི་ངོས་བཞེས་གནང་འདུག     ཕྱི་ཚེས ༢༧ ནས་མུ་མཐུད་ས་གནས་གཞན་ཁག་ལ་གཟིགས་སྐོར་གནང་བཞིན་ཡོད་པ་བཅས། །

Menu