སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ ནས་ཕྱི་ཟླ་ ༡༢ ཚེས་ ༩ བར་ཉིན་གྲངས་ ༡༡ ཙམ་རིང་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་རྡོར་གླིང་ (Darjeeling)དང་། བསུ་ན་མདའ་(Sonada) མི་རིག(Mirik) མཁའ་ཤང་།(Kurseong) གུམ་(Ghum) བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་སྟེ། ཕྱི་ཚེས་ ༩ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད་འདུག

དེ་ཡང་སྤྱི་འཐུས་རྣམ་གཉིས་ནས་ཕྱི་ཟླ་ ༡༢ ཚེས་ ༡ ནས་ ༤ བརམི་རིག་དང་། གུམ་བཅས་ལ་གཟིགས་བསྐོར་ཕྱོགས་བསྐྱོད་གྲུབ་མཚམས། ཕྱི་ཚེས་ ༥ ཉིན་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་ནང་ས་གནས་མི་མང་གྲངས་ ༧༠ ལྷག་ཙམ་འདུ་འཛོམས་ཐོག་གསུང་བཤད་དང་། མི་མང་གིས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། རིམ་པས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་དང་། ལྕགས་པོ་རི་དྲན་རྟེན་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་མཉམ་ཚོགས་འདུ་ཞིག་བཅས་སོ་སོར་འཚོགས་གནང་ཡོད་འདུག དེ་ནས་སྤྱི་འཐུས་རྣམ་གཉིས་ནས་རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་དུ། རྒྱ་གར་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་དང་། ནུབ་བྷེང་ཀལ་རྫོང་སྡེ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མར་ སིང་ རཡེ་ (Amar Singh Rai,Former MLA and Chairman of the West Bengal District Development Board) མཆོག་དང་མཇལ་འཕྲད་གནང་སྟེ། རྡོར་གླིང་ས་གནས་འགོ་འཛིན་གསར་པ་སྐུ་ཞབས་ཁོང་ལ་ངོ་སྤྲོད་དང་། བོད་ཀྱི་གནད་དོན་སྐོར་གསུངས་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་འདུག་པ་དང་། དེ་བཞིན་ས་གནས་འགོ་འཛིན་ལྷན། རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ དང་འབྲེལ་བའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་རྣམ་གཉིས་མཇལ་འཕྲད་བཟོ་རྒྱུའི་རེ་སྐུལ་ཞུས་འདུག་པར། སྐུ་ཞབས་ཁོང་ནས་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་འདུག

ཕྱི་ཚེས་ ༦ ཉིན་བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གྱི་སྣེ་ལེན་འོག་རྡོར་གླིང་ནས་བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་སྟེ། ཐོོག་མར་བསུ་ན་མདའ་སམ་བྷོ་ཊའི་སློབ་གྲྭའི་ཁོར་ཡུག་ཡོངས་ལ་གཟིགས་བསྐོར་དང་། དེ་ནས་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་མཉམ་འབྲེལ་ཚོགས་ཁང་ནང་ས་གནས་མི་མང་འདུ་འཛོམས་ཐོག་གསུང་བཤད་གནང་རྗེས། བསམ་གྲུབ་དར་རྒྱས་ཆོས་གླིང་དགོན་པར་མཆོད་མཇལ་དང་། བསུ་ན་མདའ་མཉམ་འབྲེལ་གྱི་འཛིན་སྐྱོང་འོག་ཡོད་པའི་བསུ་ན་མདའ་སམ་བྷོ་ཊ་སློབ་གྲྭའི་བུ་དང་། བུ་མོའི་སློབ་ཕྲུག་སྡོད་ཁང་བཅས་ལ་གཟིགས་བསྐོར་གནང་། ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་མཉམ་འབྲེལ་ཚོགས་ཁང་ནང་སམ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་ ༨༠ ལྷག་ཙམ་ལ་གསུང་བཤད་གནང་རྗེས། མཉམ་འབྲེལ་གྱི་ཀི་ཝི་ (Kiwi) ཞིང་སར་གཟིགས་བསྐོར་གནང་ཡོད་འདུག

ཕྱི་ཚེས་ ༧ ཉིན་རྡོར་གླིང་ནས་མཁའ་ཤང་ཕྱོགས་སུ་ཕེབས་ཐོན་གྱིས་མཁའ་ཤང་སྐྱིད་སྡུག་ཚོགས་ཁང་ནང་ས་གནས་མི་མང་རྣམས་ལ་གསུང་བཤད་གནང་སྟེ། ཐེངས་འདིའི་ས་གནས་ཁག་གི་ལས་རིམ་མཇུག་བསྒྲིལ་རྗེས། ས་གནས་ནས་བྷག་ཌོ་རར་བརྒྱུད་སོ་སོའི་བཞུགས་གནས་སུ་ཕེབས་ཐོན་གནང་ཡོད་འདུག

གཟིགས་སྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༢ དང་། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༦ ཙམ་གནང་ཡོད་པ་དང་། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། རྒྱལ་སྤྱིའི་ནང་བོད་དོན་གནས་བབ། མང་གཙོའི་དགེ་མཚན་དང་མང་གཙོའི་སྤྱི་ཚོགས་ནང་མི་མང་གིས་ཆ་ཤས་ལེན་རྒྱུ་གལ་ཆེའི་སྐོར། བཙན་བྱོལ་བོད་མི་རྣམས་ཀྱིས་ལས་འགན་ཁུར་ཕྱོགས། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་པས་དེ་བདག་གཅེས་བྱེད་དགོས་སྐོར། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་མུ་མཐུད་གནས་ཐབས་དང་། རྩ་དོན་སྒྲུབ་པའི་རེ་བ་བརླག་མི་ཉན་པའི་སྐོར། སྤྱི་ཚོགས་ཡོངས་ལ་ཕན་པའི་གནད་དོན་ཐོག་ཐུགས་སྣང་གནང་ནས་ཡ་རབས་བཟང་སྤྱོད་གོང་མཐོར་གཏོང་དགོས་པ་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།

དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཉིན་གྲངས་ ༡༡ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །

 

 

 

 

Menu